18/08/2020

ཁམས་སྟོང་འཁོར་དགོན་གྱི་གླིང་བསྲེ་དམ་བཅའ།

 

༄༅། །དུས་རབས་བཅོ་ལྔ་པའི་སྨད་ཙམ་ལ་སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་དང་པོ་རྗེ་ཟླ་བ་རྒྱལ་མཚན་གྱིས་སྟོང་འཁོར་དགོན་གསང་ཆེན་རྡོ་རྗེ་གླིང་ཕྱག་བཏབ་པ་དང་། སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་དྲུག་པ་འཇམ་དཔལ་དགེ་འདུན་རྒྱ་མཚོས། གདན་ས་ཆེན་པོ་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དང་མཐུན་པ་ཕྱི་ལོ་ ༡༨༠༠ ལོར་"ཆོས་གྲྭ་རྒྱལ་བསྟན་ནོར་བུའི་བང་མཛོད་ཕྱོགས་ལས་རྣམ་རྒྱལ་འཇམ་དབྱངས་ཀུན་དགའ་མཐོང་གྲོལ་"མཚན་ཉིད་ཀྱི་རྩོད་གྲྭ་གསར་འཛུགས་གནང་བ་ནས་བཟུང་། ད་བར་ལོ་ངོ་ ༢༠༠ ལྷག་ཙམ་གྱི་རིང་སེར་སྨད་གྲྭ་ཚང་གི་ཕྱག་སྲོལ་ལྟར་གླིང་བསྲེ་དགེ་བཤེས་བཏང་སྲོལ་ཡོད་པ་བཞིན། ད་ལན་ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༥ ནས་ ༨ བར་ཉིན་བཞིའི་རིང་དགེ་སློང་བློ་བཟང་འཇམ་དབྱངས་དང་། དགེ་སློང་ནོར་བུ་ཕུན་ཚོགས། དགེ་སློང་ཡ་མ་བསམ་འགྲུབ། དགེ་སློང་བློ་བཟང་རིན་ཆེན་བཅས་ཀྱིསགླིང་བསྲེ་དགེ་བཤེས་ཀྱི་བཤད་གཞུང་དང་དམ་འཇོག དགེ་འདུན་མང་ལ་བསྙེན་བཀུར་གཟབ་རྒྱས་བཅས་ཞུས་ཡོད

06/07/2020

སྟོང་འཁོར་རིག་མཛོད་མཉེན་ཆས་གསར་ཐོན།

མཉེན་ཆས་འདི་ཡོངས་སུ་གྲུབ་ནས་ཁྱབ་སྤེལ་གྱི་ཆེད་ལས་ཁུངས་ནས་ཆོག་མཆན་ཐོབ་ཟིན་ཅིང་། ཉིན་ཤས་
རྗེས་སུ་ལག་ཐོགས་ཁ་པར་ 
iOS དང་ Android གཉིས་ཀའི་ནང་ཕབ་ལེན་གནང་ཆོག །

༄༅། །འཛམ་གླིང་ཞི་བདེའི་དེད་དཔོན། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་དགུང་གྲངས་ ༨༥ ལ་ཕེབས་པའི་འཁྲུངས་སྐར་གྱི་ཉིན་མོ་དང་བསྟུན། བཀའ་དྲིན་རྗེས་དྲན་མཚོན་ཕྱིར་དུ་སྟོང་འཁོར་རིག་མཛོད།"Tongkhor Rigzod"ཅེས་པའི་མཉེན་ཆས་ཤིག་གསར་སྐྲུན་གྱིས་༸རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་གྱི་གསུང་རྩོམ་དབྱིན་བོད་གཉིས་ནང་ཡོད་པ་དེབ་གྲངས་ ༨༥ ཆེད་སྤེལ་ཞུས་ཡོད་པ་དང་།
མ་ཟད་མཉེན་ཆས་འདི་བརྒྱུད་ནས་རྒྱ་བོད་མཁས་གྲུབ་རྣམ་པའི་གསུང་། གཞུང་ཆེན་མཚན་ཉིད་ཀྱི་སྐོར་དང་། བསྐྱེད་རྫོགས། བློ་སྦྱོང་དང་། ལམ་རིམ། གཞུང་ཆེན་གྱི་རྩ་བ། བླ་མའི་རྣལ་འབྱོར། ཉེར་མཁོའི་ཆོ་གའི་རིགས། བསྟོད་ཚོགས། གལ་ཆེའི་བསླབ་བྱ། རྣམ་ཐར། ལོ་རྒྱུས། ཆོས་འབྱུང་། སུམ་རྟགས་དག་གསུམ། སྙན་ངག །མངོན་བརྗོད། དེང་རབས་རྩོམ་རིག །གསོ་རིག་གི་སྐོར་སོགས་དེབ་གྲངས་ ༥༠༠ ཐམ་པ་ཕབ་ལེན་བྱ་རྒྱུ་ཡོད།
སླད་མར་ཡང་དུས་ནས་དུས་སུ་མཉེན་ཆས་འདི་ནས་དགོས་མཁོ་ཆེ་བའི་འཕྲུལ་དེབ་ PDF དང་ ePub ཅི་རིགས་ཁྱབ་སྤེལ་ཞུ་འཆར་ཡོད།
གཞན་ཡང་འདིར་སྟོང་འཁོར་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་སྙིང་བསྡུས་དང་། སྟོང་འཁོར་ཡུལ་གྱི་དགོན་སྡེ་ཁག་གི་ལོ་རྒྱུས། སྐུ་བསྭོ་ཐོག་གནས་རིའི་ལོ་རྒྱུས་སོགས་དང་། གལ་ཆེ་བའི་དྲ་མཛོད་སོགས་རྒྱུན་མཁོའི་བཀོལ་སྤྱོད་ཡོ་ཆས་ཅི་རིགས་ཕྱོགས་བསྡུས་ཞུས་ཡོད་ལགས་ན།
འདིས་ཆོས་དང་རིག་གཞུང་ལ་ཞབས་འདེགས་དང་། གཞན་ལ་ཕན་རླབས་ཅུང་ཟད་ཡོང་བའི་རེ་སྨོན་དང་བཅས་ཏེ།

སྟོང་འཁོར་ཞབས་དྲུང་ཀུན་ཕན་ཚོགས་པ་ནས་མཉེན་ཆས་བཟོ་སྐྲུན་དང་འདོན་སྤེལ་ཞུས།

འཕྲུལ་དེབ་གསར་པ་མཚམས་སྦྱོར།


༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༦ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༥ ལ་ཕེབས་པའི་དུས་དྲན་གྱི་ཉིན་མོར། སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་འཇམ་དཔལ་དགེ་འདུན་རྒྱ་མཚོས་མཛད་པའི་"བྱང་ཆུབ་ཀྱི་སེམས་དང་ཞི་ལྷག་གཉིས་ཀྱི་ཟབ་གནད་མྱོང་ཁྲིད་"ཅེས་བྱ་བ་འཕྲུལ་དེབ་དུ་བཟོ་སྐྲུན་གྱིས་འགྲེམས་སྤེལ་ཞུས་ཡོད། ཕབ་ལེན་གནང་ཡུལ།

05/06/2020

འཕྲུལ་དེབ་གསར་པ་མཚམས་སྦྱོར།

༄༅། །དེ་རིང་སྟེ་བོད་རྒྱལ་ལོ་ ༢༡༤༧ ལོའི་ས་ག་ཟླ་བའི་ཚེས་ ༡༥ བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་ཤཱཀྱའི་རྒྱལ་པོ་སྐུ་འཁྲུངས་པ་དང༌། མངོན་པར་རྫོགས་པ་སངས་རྒྱས་པ། ཡོངས་སུ་མྱ་ངན་ལས་འདས་པ་བཅས་དུས་ཆེན་ཁྱད་པར་ཅན་གསུམ་འཛོམས་ཀྱི་ཉིན་མོར། སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་བདུན་པ་༸བློ་བཟང་མདོ་རྒྱུད་ཡེ་ཤེས་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་"འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་འགྲེལ་པ་གསལ་བའི་མེ་ལོང་"ཞེས་བྱ་བ། དོན་གཉེར་ཅན་ལས་དང་པོ་བ་རྣམས་ལ་ཧ་ཅང་གི་གོ་བདེ་བ་སོགས་ཁྱད་ཆོས་ལྡན་པའི་རྩ་འགྲེལ་སྦྱར་མ་ཞིག་འབུལ་ལམ་ཞུས་ཡོད་ན། འདིས་ཅུང་ཟད་ཕན་ཐོགས་པའི་རེ་སྨོན་དང་བཅས།

20/12/2019

རྗེས་དྲན།


༡༽ རྗེ་བླ་མ་སྐུ་ཞི་བར་གཤེགས་ཚུལ་བསྟན་ནས་ལོ་ངོ་དྲུག་བརྒྱ་འཁོར་བ།

ཟུར་ཕུད་ལྔ་པའི་ཆ་བྱད་སྦས་ནས་དགེ་སློང་རྣམ་པར་རོལ་ཏེ་བྱོན།།
གངས་རིའི་ལྗོངས་སུ་ཤིང་རྟའི་སྲོལ་ཆེན་ཡང་དག་འབྱེད་ལ་ཟླ་དང་བྲལ།།
ཤཱཀྱའི་བསྟན་གྱི་དྲི་བྲལ་གདུགས་དཀར་མཐོ་རུ་འདེགས་པའི་གྱད་མི་ཆེ།།
བློ་བཟང་གྲགས་པ་ཙོང་ཁའི་བུ་རྒོད་ལྷམ་མེར་མངོན་པའི་རྡོ་རིང་ཞིག།