གསེར་རྟ་དང་དཀར་མཛེས་གཉིས་ཀྱི་ལམ་བར་དུ་ཡོད། དུས་རབས་བརྒྱད་པའི་དཀྱིལ་ཙམ་ལ་སློབ་དཔོན་པདྨ་འབྱུང་གནས་ཀྱི་དངོས་སློབ་གཡུ་སྒྲ་སྙིང་པོས་གནས་སྒོ་ཕྱེ། ལོ་ཆེན་བཻ་རོ་ཙ་ན་དང་གཡུ་སྒྲ་སྙིང་པོ་གཉིས་ཀ་གནས་དེར་ཡུན་རིང་དུ་བཞུགས། དུས་རབས་བཅུ་དྲུག་པའི་ནང་དུ་སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་གསུམ་པ་རྒྱལ་བ་རྒྱ་མཚོས་གནས་དེར་རིགས་གསུམ་མགོན་པོའི་གནས་ངོས་འཛིན་མཛད། ལྷ་ལུང་དཔལ་རྡོར་གྱིས་གླང་དར་བཀུམ་རྗེས་ཁམས་ཕྱོགས་སུ་བྲོས་ནས་གནས་དེར་བཞུགས་ཏེ་སྒོམ་སྒྲུབ་དང་སྒྲིབ་སྦྱང་ཆེད། གནས་ཆེན་བརྒྱ་དང་བརྒྱད་ལ་མཆོད་རྟེན་བརྒྱ་དང་བརྒྱད་བཞེངས་པའི་གྲས་ཀྱི་མཆོད་རྟེན་ཞིག་ཀྱང་ཡོད། དུས་རབས་བཅོ་ལྔ་པའི་ནང་སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་དང་པོ་ཆོས་རྗེ་ཟླ་བ་རྒྱལ་མཚན་དབུས་ཀྱི་གདན་ས་སེ་ར་ཐེག་ཆེན་གླིང་ནས་ཕྱིར་ཕེབས་རྗེས་སྒྲུབ་པ་ཉམས་བཞེས་ཡུན་རིང་དུ་མཛད་སའི་ཟླ་བའི་ཕུག་པ་ཞེས་པ་མཇལ་རྒྱུ་ཡོད། ཞབས་དྲུང་དང་པོས་སྟོང་འཁོར་དགོན་ཕྱག་མ་བཏབ་སྔོན་དུ་གུ་རུའི་སྐུ་ཞིག་གཏེར་ནས་བཞེས་སའི་སྨན་ཆུ་ཡང་དེར་ཡོད། ཞབས་དྲུང་དགུ་པས་གནས་དེར་བདེ་མཆོག་བསྙེན་སྒྲུབ་དང་། འཕོ་སྦྱོང་སྐབས་ལྟས་དང་རྟེན་འབྲེལ་ངོ་མཚར་བ་བྱུང་། ཞབས་དྲུང་ལྔ་པ་ཆེན་པོ་དང་། གཏེར་ཆེན་ཆོས་རྒྱལ་གླིང་པ་སོགས་ཀྱིས་ཟབ་གཏེར་བཞེས་ཏེ་སྒྲུབ་གནས་བྱིན་གྱིས་བརླབས་པ་ཞབས་དྲུང་དྲུག་པའི་གནས་ཡིག་ཏུ་གསལ། སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་བཅུ་གཅིག་བར་གྱི་སྐུ་ཕྲེང་རིམ་བྱོན་དང་། དྷི་རི་ཆོས་གྲགས་ཁྱི་ཐུལ་བ། སློབ་དཔོན་དགའ་རབ་རྡོ་རྗེ། གླིང་རིན་པོ་ཆེ་སྐུ་ཕྲེང་གཉིས་པ་འདན་ཆོས་འཁོར་སྤྲུལ་སྐུ། ལམ་བྲག་རིན་པོ་ཆེ་རིམ་བྱོན། བྲག་དཀར་པཎྜི་ཏ། མཁན་ཆེན་འཇིགས་མེད་ཕུན་ཚོགས། ར་འཕྲོ་མཁན་པོ་སོགས་དངོས་སུ་ཞབས་བཅགས་ཤིང་། གནས་འདི་གྲུབ་པ་ཐོབ་པ་དང་བྱ་བྲལ་བ་མང་པོའི་སྒྲུབ་གནས་སུ་བྱིན་གྱིས་བརླབས་པར་མཛད། ཕྱི་ལོ་ ༡༩༨༦ ལོར་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཡོངས་འཛིན་དང་བཅས་ཆེད་ཕེབས་ཀྱིས་གནས་གཟིགས་དང་། རྣམ་འདྲེན་ལྔ་པའི་སྐུ་བརྙན་ལ་
རབ་གནས། བསང་མཆོད་སོགས་མཛད་པ་དང་། མང་ཚོགས་ལ་གནས་རི་སྲུང་སྐྱོབ་དགོས་པའི་བཀའ་སློབ་ནན་པོ་གནང་། ཡོངས་འཛིན་རྒྱ་ཡག་རིན་པོ་ཆེས། དུང་དཀར་རིགས་གསུམ་མགོན་པོ། །བཀྲ་ཤིས་གནས་ལ་ཆགས་ཡོད། །པཎ་ཆེན་སྣང་བ་མཐའ་ཡས། །མི་འཇིགས་གདན་ལ་བཞུགས་ཡོད། །ཅེས་པ་ལྗགས་རྩོམ་གནང་། གནས་ཀྱི་ཉེ་འདབས་སུ་སྟོང་འཁོར་ཡུལ་གྱི་བསོད་ནམས་ཀྱི་ཞིང་དུ་རྡོ་བརྐོས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་རྟེན་དང་བརྟེན་པ་བཅས་ཕྱི་ལོ་ ༢༠༡༧ ལོར་གསར་བཞེངས་ལེགས་པར་གྲུབ་སྐབས། སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་བཅིུག་པ་ཆེན་པོས་བསྐུར་བའི་ངོར་རྒྱལ་དབང་བཅུ་བཞི་པ་ཆེན་པོ་ཐུགས་དགྱེས་པ་ཆེན་པོས་སྨོན་ཚིག་ལྗགས་རྩོམ་ཚིགས་བཅད་མ་སྩལ་ཡོད། མིང་གི་རྣམ་གྲངས། རིགས་གསུམ་མགོན་པོའི་གནས། སྟོང་སྐོར་གནས། སྟོང་འཁོར་གནས། སྟོང་འཁོར་སཽ་རཱ་ཥྚ། སྐུ་བསྭོ་ཐོག་གནས། བསཱོ་ཏོག་གནས། བསྭོ་ཏོག་གནས་བཅས་སོ།སྟོང་འཁོར་བཙུན་དགོན་བསམ་གཏན་ཆོས་གླིང་།
ཁམས་སྟོང་འཁོར་གནས་ནང་དུ་ཡོད་པའི་ཇོ་མོའི་དགོན་པ་ཞིག་ཡིན།
དུས་རབས་བཅོ་བརྒྱད་པའི་ནང་དུ་བྲག་དཀར་བླ་མ་བྱམས་པ་རབ་བརྟན་བྱང་ཆུབ་ཆོས་རྒྱལ་གྱིས།
སྟོང་འཁོར་བསྭོ་ཐོག་གནས་ཀྱི་ཉེ་འདབས་དབེན་ལུང་ནང་དུ་ཕྱག་བཏབ།
དེར་རྐུན་ཇག་ཧ་ཅང་མང་སྟབས་ཕྱིས་སུ་གཟིག་གདོང་གི་ཉེ་འདབས་གད་ཙི་ལ་སྤོས།
ཆོས་བརྒྱུད་དགེ་ལུགས་ཡིན། འདུ་ཁང་དུ་རྟེན། རྗེ་ཡབ་སྲས་གསུམ་གྱི་སྨན་སྐུ།
ཐུགས་རྗེ་ཆེན་པོ། བླ་མ་བྱམས་པ་རབ་བརྟན།
སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་ཞིག་གི་ཐང་ག་བཅས་ཡོད། གསུང་རྟེན།
རྗེ་ཙོང་ཁ་པའི་གསུང་འབུམ་ཚར་གཉིས་དང་།
ཇོ་མོ་རེ་ལ་ཁྲིད་ཆོས་སྐོར་དང་ལམ་རིམ་ཆེ་ཆུང་སོགས་ཡོད།
དུས་འགྱུར་གྱི་སྐབས་སུ་སྤྱི་བྱིངས་ལྟར་དགོན་དེ་ཡང་ཐོར་ཞིག་ཏུ་སོང་། སླར་སྤྱི་ལོ་
༡༩༩༠
ལོར་སྐུ་བསྭོ་ཐོག་རྒྱལ་བའི་དབེན་གནས་སུ་སྤོས་ནས་རིམ་བཞིན་འདུ་ཁང་དང་སྡོད་ཤག་སོགས་གསར་བསྐྲུན་བྱས་ཤིང།
བྲག་དཀར་རིན་པོ་ཆེ་བསྟན་འཛིན་བློ་བཟང་སྙན་གྲགས་ལ་སོགས་པའི་ཐུགས་རྗེ་བཀའ་དྲིན་གྱི་འོག་ནས་ད་ཆར་དགེ་ཚུལ་མ་ཇེ་མང་དུ་སོང་བ་རྣམས་ཀྱིས་ཡི་གེ་འབྲི་ཀློག་ནས་བཟུང་སུམ་རྟགས་དག་གསུམ་དང་།
རྒྱལ་བའི་གསུང་རབ་ཀུན་གྱི་གནད་བསྡུས་པ་ལམ་རིམ་སོགས་ལ་ཐོས་བསམ་སློབ་གཉེར་བྱེད་བཞིན་ཡོད།
དུས་མཆོད་སྐོར་ལ། ཟླ་དང་པོའི་ནང་དུ་སྨན་བླ་མདོ་ཆོག་ཉིན་བདུན། ཟླ་གསུམ་པའི་ནང་དུ་བླ་མ་མཆོད་པའི་ཚོགས་མཆོད་ཉིན་བདུན།
ཟླ་བཞི་བའི་ནང་དུ་སྨན་བླ་ཉིན་བདུན། རེ་འགར་ཟླ་ཕྱེད་བར་ཚོགས།
ཟླ་དྲུག་པའི་ནང་དུ་སྨན་བླ་དང་བླ་མ་མཆོད་པ། སྒྲོལ་མ་སྒྲུབ་མཆོད་སོགས་ཉིན་འགའ་ཡོད།
ཟླ་བརྒྱད་པའི་ནང་དུ་བདེ་མཆོག་གི་ཆོ་ག་ཉིན་ཤས། མདོར་ན་ཟླ་རེ་བཞིན་ཚེས་བརྒྱད་དང་བཅོ་ལྔ།
ཉེར་གཉིས་དང་ཉེར་དགུ་བཅས་ལ་ཚོགས་འཁོར་རྒྱུན་དུ་འཚོག་བཞིན་པ་སོགས་ཀྱིས་བྲག་དཀར་རིན་པོ་ཆེའི་ཕྱག་བཞེས་རྣམས་མི་ཉམས་རྒྱུན་འཛིན་ཞུ་མུས་སུ་ཡོད།
No comments:
Post a Comment