11/11/2019

དཔེ་དེབ་གསར་པ་བཅིུག་མཚམས་སྦྱོར།



༄༅། །སྔར་བོད་ཁ་བ་ཅན་གྱི་ཡུལ་དུ་མཁས་གྲུབ་གསེར་རིའི་ཕྲེང་བ་ལྟ་བུ་ཇི་སྙེད་ཅིག་ཕེབས་ཡོད་པའི་ཁྲོད་ནས། ཁམས་སྟོང་འཁོར་༸ཞབས་དྲུང་སྐུ་ཕྲེང་རིམ་བྱོན་རྣམས་ཀྱིས་ཀྱང་སྐུ་ཚེའི་མཛད་པ་བསྟན་བ་དང་འགྲོ་བའི་དོན་ཁོ་ནར་སྨིན་པར་མཛད་དེ། རྒྱ་བོད་ཧོར་སོགས་སུ་གདུལ་བྱ་རྣམས་བཀའ་དྲིན་གྱིས་བསྐྱངས་ཡོད་པ་བོད་ཀྱི་རྒྱལ་རབས་ཆོས་འབྱུང་དེབ་ཐེར་རྣམས་སུ་འཁོད་པ་ལྟར་ལགས་ཤིང་། དམ་པ་ཁོང་རྣམས་ཀྱི་གསུང་གི་མཛད་པ་ཡང་ཇི་སྙེད་ཅིག་ཡོད་ནའང་ཕལ་ཆེ་བ་དུས་འགྱུར་གྱི་སྐབས་སུ་རྩ་འཐོར་དུ་སོང་ཟིན་པས་བློ་ཕམ་གྱི་གནས་སུ་གྱུར།


འོན་ཀྱང་ད་ལྟའི་ཆར་གང་ལྷག་ཡོད་པ་རྣམས་འཚོལ་བསྡུའི་ཆེད་སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོས་ཐུགས་ཁུར་ཆེ་བཞེས་ཀྱིས། ཕྱི་ལོ་ ༢༠༠༧ ཙམ་ལ་ཁམས་སྟོང་འཁོར་དགོན་གྱི་གླིང་བསྲེ་དགེ་བཤེས་ཚུལ་ཁྲིམས་བཟང་པོ་ལ་དེའི་ཐད་འགན་ཁུར་དགོས་པའི་བཀའ་མངགས་གནང་དོན་ལྟར། ཁོང་ནས་ལྷག་བསམ་དང་བ་ཆེན་པོས་ད་བར་ལོ་ངོ་བཅུ་ལྷག་གི་རིང་དཔེ་རྙིང་འཚོལ་བསྡུ་དང་། གློག་ཀླད་དུ་གསར་འཇུག དཔེ་བསྡུར་དང་ཞུ་དག་བཏང་རྒྱུས་མཚོན་གང་ཅིའི་ཐད་འགན་ཁུར་བཞེས་ཏེ་ཧ་ཅང་གི་སྐུ་ངལ་སྐྱོན་པ་ལ་བསྟེན་ནས། སྐུ་ཕྲེང་རིམ་བྱོན་གྱི་གསུང་རྩོམ་དུམ་བུ་གསུམ་ནས་ཆ་གཅིག་ཙམ་རྙེད་སོན་བྱུང་སྟེ་ཕྱོགས་བསྒྲིགས་ཀྱི་པོད་བཅུ་གཅིག་དཔེ་སྐྲུན་འགྲེམས་སྤེལ་ཞུས་པར་ཡི་རངས་བསྔགས་བརྗོད་དང་ཐུགས་རྗེ་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུ་རྒྱུ་ཡིན།

དེ་བཞིན་འདི་ག་ཚོགས་པའི་ངོས་ནས་ཀྱང་དེའི་ཐད་གྲོགས་དན་རྒྱབ་སྐྱོར་སོགས་གང་ཅིའི་ཐད་ཞབས་ཞུ་ཕྲན་བུ་ཞུ་རྒྱུ་བྱུང་བ་དང་། ལྷག་པར་དུ་གཏོང་ཕོད་ཡངས་པ་རང་རེའི་སྟོང་འཁོར་དགོན་གྱི་གྲྭ་དགེ་སློང་བློ་བཟང་མཐར་ཕྱིན་ནས་གསུང་འབུམ་པོད་བཅུ་གཅིག་དཔེ་སྐྲུན་གྱི་སྦྱིན་བདག་ཆ་ཚང་གནང་བར་བསྔགས་བརྗོད་དང་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

མཐར་དོན། ད་ལན་དཔེ་སྐྲུན་ཞུས་པའི་གསུང་འབུམ་དེ་དག་ནི་རང་ཅག་སྟོང་འཁོར་ཡུལ་ཙམ་དུ་མ་ཟད་རིན་ཐང་བྲལ་བའི་སྤྱི་ནོར་ཞིག་ཡིན་པས། དེའི་ཐད་དངོས་ཤུགས་བརྒྱུད་གསུམ་ནས་གྲོགས་དན་རྒྱབ་སྐྱོར་གནང་མཁན་ཚང་མས་བསྟན་པ་སྤྱིའི་ཞལ་འདེབས་དང་དགེ་རྩ་རླབས་ཆེན་བསགས་ཡོད་པ་སྨོས་མེད་ཡིན་པས་གོ་སྐབས་འདིའི་བརྒྱུད་ནས་ཀུན་ལ་རྗེས་སུ་ཡི་རང་དང་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་བཅས།།

ཁམས་སྟོང་འཁོར་ཞབས་དྲུང་ཀུན་ཕན་ཚོགས་པ་ནས།
ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༢ བཟང་པོ་ལ།

No comments:

Post a Comment