29/05/2022

སྨོན་ལམ་ཚིག་མཛོད་གསར་ཐོན།

༄༅། །དགེ་བཤེས་སྨོན་ལམ་ལགས་ཀྱིས་དབུ་ཁྲིད་དེ་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་ནས་གཙོ་སྐྱོང་གནང་བའི་ལོ་ངོ་དགུའི་ལས་འཆར་ཅན་གྱི་སྨོན་ལམ་ཚིག་མཛོད་ཆེན་མོ་འདི་ཉིད་ལེགས་གྲུབ་བྱུང་སྟེ། ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༢༧ ཉིན་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞལ་སྔ་ནས་དབུ་འབྱེད་གནང་བ་དང་།


ཚིག་མཛོད་འདི་ལ་མཚོན་ན་དེབ་གྲངས་ ༢༢༣ ཡོད་ཅིང་འཛམ་གླིང་ནང་ཚིག་མཛོད་ཆེས་ཆེ་ཤོས་སུ་གྱུར་པ་དང་། བོད་རང་གི་སྐད་ཡིག་ཐོག་དེང་རབས་ཀྱི་ཁྱད་ཆོས་ལྡན་ལ་གནའ་དེང་གི་ཐ་སྙད་ཀྱིས་ཕྱུག་པ། ཚིག་དོན་གང་ལ་འབྲུ་འགྲེལ་བྱེད་སྐབས་ཁུངས་གང་ལ་གཏུགས་སའི་ཡིག་ཆའི་མིང་དང་ཤོག་གྲངས་ཡན་ཆད་གསལ་པོ་འཁོད་པ་སོགས་ཁྱད་ཆོས་ཧ་ཅང་ཆེན་པོ་འདུག

དེ་འདྲ་བའི་ཚིག་མཛོད་འདི་ཉིད་རྩོམ་སྒྲིག་པའི་ཁོངས་སུ་འདི་ག་ ” སྟོང་འཁོར་རིག་མཛོད་རྩོམ་སྒྲིག་ཁང་ ” ནས་ཀྱང་ཆ་ཤས་ལེན་ཐུབ་པ་བྱུང་བ་དང་། ཚིག་མཛོད་དབུ་འབྱེད་ཀྱི་ཉིན་མོར་རྩོམ་སྒྲིག་ཚོགས་ཆུང་གི་སྐུ་ཚབ་ཀྱང་མཉམ་ཞུགས་བྱ་རྒྱུའི་སྐ་བ་བཟང་པོ་བྱུང་།

ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༡༥ ནས་འགོ་བཙུགས་ཏེ་ལོ་ཤས་རིང་འབད་པ་ཆེན་པོའི་སྟོང་འཁོར་ཡུལ་དགོན་སྡེ་བདུན་དང་། སྐུ་གསུང་ཐུགས་རྟེན་རྩ་ཆེན་གྱི་ལོ་རྒྱུས། སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་རིམ་བྱོན་དང་། དགོན་པ་ཁག་གི་མཁན་རབས་རིམ་བྱོན་གྱི་རྣམ་ཐར། ཡུལ་ལྷ་གཞི་བདག་དང་། སྟོང་འཁོར་དཔོན་རབས། སྟོང་འཁོར་སྲས་པོ་དང་སྲས་མོའི་བྱུང་རབས་སོགས། གཙོ་བོ་དབུས་ཚིག་མཛོད་རྩོམ་སྒྲིག་ཁང་གི་ལམ་སྟོན་ ” ཐ་སྙད་ལ་འགྲེལ་བཤད་སྐབས་ཐུགས་སྣང་དགོས་པ་དོན་ཚན་དྲུག་  ” དང་། “ སྨོན་ལམ་བོད་ཀྱི་ཀུན་བཏུས་ཚིག་མཛོད་ཆེན་མོའི་ནང་ཆོས་ལུགས་དང་འབྲེལ་བའི་ཐ་སྙད་རྩོམ་སྒྲིག་བྱེད་ཕྱོགས་  ” སྐོར་གྱི་ལམ་སྟོན་ཡིག་ཆ་དོན་ཚན་ཆེ་བ་གསུམ་དང་། ནང་གསེས་དབྱེ་བ་ ༡༩ བཅས་དང་མཐུན་པ། རང་བཟོ་ཙམ་མིན་པར་རྣམ་ཐར་དང་། ཆོས་འབྱུང་། ལོ་རྒྱུས་སོགས་ཡོངས་གྲགས་ཀྱི་དཔེ་དེབ་གྲངས་བརྒྱད་ཅུ་གྱ་ལྔ་ཙམ་ལ་ཁུངས་བཏུགས་ཏེ། མ་ཚིག་ ༧༤༣ ལ་འགྲེལ་བཤད་ཁུངས་དང་བཅས་པ་ཚེག་བར་ ༢༠༣༠༡༧ ལ་ཤོག་ངོས་ A4 ཚད་གཞི་ཅན་གྱི་ཤོག་གྲངས་ ༣༤༩ ལེགས་གྲུབ་བྱུང་སྟེ། སྨོན་ལམ་ཚིག་མཛོད་ཆེན་མོ་འདིའི་ནང་དུ་ཚུད་ཐུབ་པ་བྱུང་བ་ནི་གྲུབ་འབྲས་ཆེན་པོ་ཞིག་ལ་བརྩིས་ཏེ་དགའ་མགུ་ཆེན་པོས་རྗེས་སུ་ཡི་རངས་ཞུ་བཞིན་ཡོད།

གོ་སྐབས་འདི་བརྒྱུད་ནས་དབུས་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་སེར་སྨད་དགེ་བཤེས་བློ་བཟང་སྨོན་ལམ་ལགས་དང། རྩོམ་སྒྲིག་འགན་འཛིན་འཇུ་བསྟན་སྐྱོང་ལགས་གཉིས་ཀྱི་དབུས་འབྲེལ་ཡོད་ཀུན་དང་། སྟོང་འཁོར་རིག་མཛོད་རྩོམ་སྒྲིག་ཁང་གི་འགན་འཛིན་དགེ་བཤེས་ཕུན་ཚོགས་ནོར་བུ་དང་། བློ་བཟང་མཐར་ཕྱིན། རྩོམ་སྒྲིག་ལས་རོགས། མཁན་ཟུར་ཚུལ་ཁྲིམས་བཟང་པོ་དང་། ལྷ་རམས་པ་དགེ་འདུན་ཕུན་ཚོགས། ལྷ་རམས་པ་བྱམས་པ་ཆོས་དར། ལྷ་རམས་པ་རི་རྒྱལ་བསྟན་པ། ལྷ་རམས་པ་དཔལ་ལྡན་མགོན་པོ། བློ་བཟང་འཕྲིན་ལས། ཚུལ་ཁྲིམས་བཀྲ་ཤིས། བློ་བཟང་སྐལ་ལྡན་བཅས་ལ་སྙིང་ནས་བཀའ་དྲིན་བླ་མེད་དུ་ཆེ་ཞུ་ཞུ།

 

སྟོང་འཁོར་ཞབས་དྲུང་ཀུན་ཕན་ཚོགས་པ་ནས།

ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༣༠ ལ།


No comments:

Post a Comment