20/12/2019

རྗེས་དྲན།


༡༽ རྗེ་བླ་མ་སྐུ་ཞི་བར་གཤེགས་ཚུལ་བསྟན་ནས་ལོ་ངོ་དྲུག་བརྒྱ་འཁོར་བ།

ཟུར་ཕུད་ལྔ་པའི་ཆ་བྱད་སྦས་ནས་དགེ་སློང་རྣམ་པར་རོལ་ཏེ་བྱོན།།
གངས་རིའི་ལྗོངས་སུ་ཤིང་རྟའི་སྲོལ་ཆེན་ཡང་དག་འབྱེད་ལ་ཟླ་དང་བྲལ།།
ཤཱཀྱའི་བསྟན་གྱི་དྲི་བྲལ་གདུགས་དཀར་མཐོ་རུ་འདེགས་པའི་གྱད་མི་ཆེ།།
བློ་བཟང་གྲགས་པ་ཙོང་ཁའི་བུ་རྒོད་ལྷམ་མེར་མངོན་པའི་རྡོ་རིང་ཞིག།


སྤྲུལ་པའི་རབས་དང་གསང་གསུམ་མཛད་པ་བརྗོད་ཀྱང་ཆོག་ལ་མ་བརྗོད་ཀྱང་།།
སྐུ་ཚེ་གཅིག་གི་བརྩོན་པའི་རྣམ་ཐར་ཆུ་བོའི་རྒྱུན་དང་རྒྱ་མཚོའི་རླབས།།
རྒྱལ་བའི་གསུང་གི་སྙིང་བཅུད་བསྡུས་ཏེ་པོ་ཏི་བཅོ་བརྒྱད་ཕྱག་བྲིས་མཛད།།
རྗེས་འཇུག་གདུལ་བྱ་ཁྲི་མ་འབུམ་ལ་མིག་ཟུང་སྦྱིན་པའི་སེམས་དཔའ་ཆེ།།

རྒྱལ་བ་དངོས་ཀྱང་རྒྱལ་སྲས་ཚུལ་འཛིན་དཀའ་བ་དུ་མ་རིང་དུ་སྤྱད།།
སྐལ་ལྡན་གྲངས་མེད་ཕྱག་གིས་འཇུས་ཏེ་་ཡང་དག་ལམ་ལ་མངོན་པར་ཁྲིད།།
སྐུ་ཚེ་གང་པོར་བསྟན་དང་འགྲོ་དོན་ཁོ་ནར་འདའ་ཞིང་མཛད་བཟང་བསྐྱངས།།
ཁྱེད་ཉིད་ཞིང་དུ་གཤེགས་ཚུལ་བསྟན་ནས་མི་ལོ་དྲུག་བརྒྱ་ཧྲིལ་པོ་འཁོར།།

༢༽ ༸གོང་ས་མཆོག་ནས་ལྷ་རམས་མཚན་གནས་བཞེས་ཏེ་ལོ་ངོ་དྲུག་ཅུ་འཁོར་བ།

ཕྱག་ན་པདྨོ་ཁ་བ་ཅན་གྱི་མདོ་སྨད་སྟག་འཚེར་ཡུལ་ནས་འཁྲུངས།།
སྙིགས་མའི་འགྲོ་རྣམས་ཐུགས་བརྩེ་ཆེན་པོས་རིང་མོ་ཞིག་ནས་རྗེས་འཛིན་མཛད།།
ཆེན་པོ་བོད་ཀྱི་ཆོས་སྲིད་གཉིས་པོ་ཐུགས་རྒྱ་ཡངས་པོས་ལེགས་པར་བསྐྱངས།།
བཀའ་དྲིན་འཁོད་མེད་མགོན་པོ་གང་གིས་རི་ལས་ལྕི་བའི་འགན་བཞེས་མཛད།།

གཞུང་ལུགས་རབ་འབྱམས་རྒྱ་མཚོ་ལྟ་བུར་འབད་པ་ཆེན་པོས་ལེགས་པར་གཟིགས།།
དྲི་མེད་མཁྱེན་པ་ཉི་ཟླའི་དཀྱིལ་འཁོར་མཛེས་པའི་འོད་སྣང་ཕྱོགས་བཅུར་འཕྲོ།།
གྲགས་པའི་བ་དན་ས་གསུམ་ཁྱབ་པའི་གདན་ས་གསུམ་གྱི་མཁས་མང་དབུས།།
གཞན་དྲིང་མི་འཇོག་མཁས་པའི་གོ་འཕང་བླ་ན་མཐོ་བའི་རྒྱལ་ས་ཟིན།།

མཁས་དང་གྲུབ་པ་གསེར་རིའི་ཕྲེང་བ་བརྗིད་ཆགས་སྟོང་གི་དབུས་ནས་ནི།།
ལྷུན་པོ་ལྟ་བུ་འབུར་དུ་ཐོན་པ་ཉི་ཟླ་རྣ་ཆ་བསྣམས་པ་འདྲའི།།
ལྷ་རམས་དགེ་བཤེས་དམ་འཇོག་མཛད་དེ་མཚན་སྙན་རྒྱ་མཚན་དགུང་དུ་སྒྲེང་།།
མཁས་པ་ཀུན་ལས་ལྷག་ཏུ་མཁས་པ་མཁས་པ་ཀུན་ལ་ཡོངས་སུ་གྲགས།།

བཀའ་དྲིན་ཆེའོ་བསྟན་འཛིན་རྒྱ་མཚོ་སྐུ་དྲིན་འཛམ་གླིང་ཡོངས་ལ་ཁྱབ།།
འཚེ་མེད་ཞི་བདེའི་དེད་དཔོན་ཆེན་པོ་སྐུ་ཚེ་ཡུན་དུ་བརྟན་པར་བཞུགས།།
དགོངས་བཞེད་མཐའ་དག་ལྷུན་གྱིས་གྲུབ་ཅིང་མཛད་བཟང་ཡོངས་སུ་འགྲུབ་པར་སྨོན།།
ཚེ་རབས་ཀུན་ཏུ་མགོན་མེད་འགྲོ་རྣམས་ཁྱེད་དང་འབྲལ་བ་མ་གྱུར་ཅིག།

༣༽ ཁམས་སྟོང་འཁོར་དགོན་ཕྱག་བཏབ་ནས་ལོ་ངོ་ལྔ་བརྒྱ་ཉི་ཤུ་ཙམ་འཁོར་བ།

མདོ་ཁམས་ས་ཡི་འཛིན་མའི་ཁྱོན་ན་ཟླ་བ་རྒྱལ་མཚན་ཞེས་གྲགས་པ།།
འཇམ་པའི་དབྱངས་ཀྱི་སྤྲུལ་པའི་སྐུ་ཞིག་བསམ་བཞིན་སྐྱེ་བ་བཞེས་ནས་ནི།།
སྟོང་འཁོར་ཡུལ་ནས་ལེགས་པར་ཕེབས་ཏེ་དབུས་གཙང་ཆོས་ཀྱི་ཞིང་ས་རུ།།
འཇམ་མགོན་བླ་མའི་རྨད་བྱུང་བསྟན་ལ་འཆད་རྩོད་རྩོམ་པའི་ལུས་རྩལ་རྫོགས།།

དགོས་པ་དུ་མར་ལེགས་པར་གཟིགས་ཤིང་གདུལ་བྱ་འདུལ་བའི་དོན་ཉིད་དུ།།
འཇམ་མགོན་བླ་མའི་ཡང་དག་བསྟན་པའི་འཛིན་སྐྱོང་སྤེལ་བའི་བསྟི་གནས་ཏེ།།
སྟོང་འཁོར་ཡུལ་གྱི་དགོན་སྡེ་ཆེན་པོ་གསར་འཛུགས་གནང་ཞིང་དར་རྒྱས་མཛད།།
མདོ་ཁམས་ཡུལ་དུ་དགེ་ལུགས་པ་ཡི་ཆོས་སྡེ་དང་པོའི་གྲགས་པ་བྱུང་།།

དེ་ནས་བཟུང་སྟེ་ད་ལྟའི་བར་དུ་ལོ་ངོ་བརྒྱ་ཕྲག་ལྔ་ལྷག་རིང་།།
ཕན་དང་བདེ་བའི་འབྱུང་གནས་དམ་པ་ཤཱཀྱའི་བསྟན་པ་སྤྱི་དང་ནི།།
ཡང་སྙིང་ཡབ་རྗེ་རྒྱལ་བ་གཉིས་པ་ཙོང་ཁ་པ་ཡི་བསྟན་པ་དར།།
ངོ་མཚར་ཆེ་བའི་དུས་བཟང་དགའ་ལྡན་ལྔ་མཆོད་ཉིན་མོར་དུས་དྲན་བྱས།།

No comments:

Post a Comment