10/12/2014

བསླབ་པ་སློབ་གཉེར་གནང་སྟངས་སོགས་དགོན་འདིའི་ལོ་འཁོར་གཅིག་རིང་གི་བྱེད་སྒོ་གལ་ཆེར་ཁག

ལོ་རེའི་བྱེད་སྒོ།

དེ་ཡང་དགོན་པ་འདི་ཉིད་མདོ་སྔགས་ཟུང་འབྲེལ་གྱི་དགོན་སྡེ་ཞིག་ཡིན་པས་མདོ་སྔགས་ཀྱི་ཆོས་ཐོག་སྐོར་ཡང་ཧ་ཅང་མང་པོ་ཡོད་པ་རྣམས་རིམ་བཞིན་བརྗོད་ན།  སྤྱི་ལོ་ ༡༨༠༠ ལོར་ཞབས་དྲུང་དྲུག་པ་འཇམ་དཔལ་དགེ་འདུན་རྒྱ་མཚོས་རྒྱལ་བསྟན་ནོར་བུའི་བང་མཛོད་ཕྱོགས་ལས་རྣམ་རྒྱལ་འཇམ་དབྱངས་ཀུན་དགའ་མཐོང་གྲོལ་ཞེས་བྱ་བའི་མཚན་ཉིད་ཀྱི་ཆོས་གྲྭ་གསར་འཛུགས་གནང་། ཆོས་གྲྭར་བསྡུས་གྲྭ་འཛིན་གྲྭ་ལྔ། བློ་རྟགས་དང་གྲུབ་མཐའ་འཛིན་གྲྭ་གཅིག
ཕར་ཕྱིན་འཛིན་གྲྭ་བདུན། དབུ་མ་འཛིན་གྲྭ་གཅིག འདུལ་བའི་འཛིན་གྲྭ་གཅིག            མཛོད་འཛིན་གྲྭ་གཅིག་བཅས་ཡོད་པ་རེ་རེར་ལོ་གཉིས་རེ་འགྲིམས་ཏེ་མི་ལོ་སུམ་བཅུ་རྩ་གཉིས་ཀྱི་རྗེས་སུ་བསླབ་པ་མཐར་སོན་དགོས། སློབ་གཉེར་གནང་ཡུལ་གྱི་གཞུང་ནི་ཀུན་མཁྱེན་ཕྱོགས་ལྷ་འོད་ཟེར་གྱི་རྭ་སྟོད་བསྡུས་གྲྭ་དང་། འཇམ་དཔལ་དགེ་འདུན་རྒྱ་མཚོའི་བསྡུས་གཞུང་དང་བློ་རྟགས་དོན་བདུན་ཅུ་བཅས་དང་། སེར་སྨད་གྲྭ་ཚང་གི་ཡིག་ཆའི་བདག་པོ་མཁས་གྲུབ་བསྟན་དར་བའི་ཕར་ཕྱིན་དང་དབུ་མ་ཆ་ཚང་། དེ་བཞིན་ཚད་མ་དང་མཛོད་འདུལ་བཅས་ཀྱང་གདན་ས་ཆེན་པོ་སེར་སྨད་གྲྭ་ཚང་གི་ཕྱག་བཞེས་ལྟར་གྱི་གཞུང་ཆེན་ཁག་ཡིན། མདོ་ཕྱོགས་ཀྱི་ཆོས་ཐོག་ནི་དཔྱིད་ཆོས་ཟླ་བ་གཅིག་དང་། དབྱར་ཆོས་ཟླ་བ་གཅིག བཅུ་ཆོས་ཉིན་བཅུ། དབྱར་གནས་ཟླ་བ་ཕྱེད་དང་གཉིས། སྟོན་ཆོས་ཟླ་བ་གཅིག ལོ་ཤས་རེའི་མཚམས་སུ་དབྱར་གནས་སྐབས་ལ་གླིང་བསྲེའི་དགེ་བཤེས་བཞི་རེ་ཡོད། དེའི་སྐབས་སུ་ཕར་ཕྱིན་དང་། དབུ་མ། འདུལ་བ། མཛོད་བཅས་ཀྱི་བཤད་པ་དང་དམ་བཅའ་སོགས་ཡོད། ཡང་དབྱར་གནས་སྐབས་ཉིན་བཞིའི་རིང་ལ་རིགས་ཆུང་ཚོགས་ལང་བ་མི་གྲངས་བཅུ་དྲུག་གིས་ཕར་ཕྱིན་སྐབས་དང་པོའི་གཞུང་ཚན་བཀའ་བསྟན་བཅོས། བྱམས་གཞུང་། ཡང་དག་མཐའ། ཆོས་འཁོར། སྐྱབས་གསུམ། སེམས་བསྐྱེད། སྦྱོར་ལམ། རིགས་བཅས་ཀྱི་ཐད་ནས་ཚོགས་དབུས་སུ་འབེལ་གཏམ་གྱི་སྒོ་ནས་བཤད་པ་དང་རྩོད་པ་གནང་དགོས། སྟོན་ཆོས་སྐབས་ལྷ་བབས་དུས་ཆེན་ཉིན་ལ་དམིགས་བརྩེ་མའི་བུམ་སྒྲུབ། ཞབས་དྲུང་བདུན་པས་གསར་འཛུགས་གནང་བའི་སྨན་བླའི་ཆོས་ཐོག་ཉིན་བདུན། དགའ་ལྡན་ལྔ་མཆོད་བཅས་ཡོད། ཆོས་གྲྭའི་ནང་མཁན་རིན་པོ་ཆེ་ནས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དབང་དོན་དང་། ལམ་རིམ་ཆེན་མོ། སྐྱེས་རབས་སོ་བཞི་པ་སོགས་བཀའ་ཆོས་གནང་རྒྱུ་དང་། བརྩི་བཞག་གནང་བ་དང་། སློབ་གཉེར་བ་རྣམས་ལ་རྩོད་རྒྱུགས་དང་། བློ་རྒྱུགས། མཚན་སྐྱོང་བཅས་ཀྱི་ཐུགས་འགན་བཞེས་དགོས། འཛིན་གྲྭ་སོ་སོའི་རྩོད་པ་ཡང་བརྩི་བཞག་ལ་བསྟུན་ནས་འགྲོ་དགོས། སྔགས་ཕྱོགས་ཀྱི་ཆོས་ཐོག་ཁག་ནི། ཞབས་དྲུང་ལྔ་པས་གསར་འཛུགས་གནང་བའི་གསང་བ་འདུས་པའི་ཆོ་ག་དང་སྦྲགས་སྨོན་ལམ་ཆེན་མོའི་མཐར་མང་ཚོགས་དབུས་སུ་མཎིའི་གསུང་སྐུལ་དང་།སྨོན་ལམ་བཅོ་ལྔའི་མཆོད་པ་གར་འཆམ་བྱམས་པ་གདན་འདྲེན་བཅས་ཉིན་དགུ་ཡོད། བཅུ་དྲུག་ཉིན་ནས་གཙོ་བོ་ཁྱིམ་པ་རྣམས་ཀྱི་ཆེད་དུ་སྨྱུང་གནས་ཆ་བརྒྱད་དང་། ཞབས་དྲུང་བརྒྱད་པས་གསར་འཛུགས་གནང་བའི་བདེ་མཆོག་ཆོས་ཐོག་ཉིན་བདུན། འཇིགས་བྱེད་བདག་འཇུག་གི་ཆོས་ཐོག་ཉིན་བཅུ་བདུན། ཀུན་རིག་རྣམ་པར་སྣང་མཛད་ཀྱི་ཆོས་ཐོག་ཉིན་བཞི་བཅས་ཡོད། ཆོས་གྲྭའི་སྐུ་རིམ་ལ་ཞབས་དྲུང་དྲུག་པས་གསར་འཛུགས་གནང་བའི་ལྕགས་མཁར་ཆེན་མོ་ཉིན་བཅུ་བདུན་གྱི་མཐར་གར་འཆམ་དང་གཏོར་རྒྱག་བཅས། ཞབས་དྲུང་ལྔ་པས་གསར་འཛུགས་གནང་བའི་དགུ་གཏོར་ཆེན་མོ་ཉིན་བཅུ་གསུམ་གྱི་མཐར་གར་འཆམ་དང་གཏོར་རྒྱག་བཅས་ཡོད། ཞབས་དྲུང་བརྒྱད་པས་གསར་འཛུགས་གནང་བའི་ལྕམ་སྲིང་གི་སྒྲུབ་མཆོད་ཆེན་མོ་ཉིན་བཅུ་གཅིག་གི་མཐར་གར་འཆམ་དང་གཏོར་རྒྱག་བཅས། ཞབས་དྲུང་རིན་པོ་ཆེའི་ཞབས་བརྟན་ཉིན་བདུན་བཅས་ཡོད། མདོར་ན་སྔགས་ཀྱི་ཆོ་ག་ཕྱག་ལེན་ལ་མཚོན་ན་བསྐྱེད་རྫོགས་ཀྱི་རིམ་པ་རྣམས་དང་ཐིག་རྡུལ་ཚོན། འདོན་རྟ་དབྱངས་རྣམས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དང་མཚུངས། དགོན་པའི་ཚོགས་གཏམ་གྱི་གཞུང་དུ་ཡང་མདོ་ཕྱོགས་ནས་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དང་། སྔགས་ཕྱོགས་ནས་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དང་མཐུན་པ་ཡིན་ཞེས་གསལ་ལོ།།