19/06/2015

གྱ་སྟོན་འཚམས་འདྲི།

༸གོང་ས་མཆོག
ཁྱེད་་་་་་་་་་་་་་་་་་་་་་་་་་་་་་། སློབ་བུ་ཁྲི་ཕྲག་མང་པོའི་དགེ་རྒན་དང་།
མཁས་དབང་ཁྲི་ཕྲག་མང་པོའི་མཆེད་གྲོགས། མཐའ་མེད་འགྲོ་བ་ཡོངས་ཀྱི་མགོན་པོ།
ཆོས་པ་འབུམ་ཕྲག་མང་པོའི་བླ་མ། གྲངས་མེད་དཱ་ཕྲུག་མང་པོའི་ཕ་མ།
སྐྱབས་མེད་ནད་པ་ཀུན་གྱི་སྨན་པ། ཟས་མེད་དབུལ་པོ་ཀུན་གྱི་མ་མ་ཡིན། 
དེ་ལྟ་བུའི་ཐུགས་འགན་བཞེས་ནས་མཛད་བཟང་གསེར་གྱི་འཁོར་ལོས་ལོ་ངོ་བརྒྱད་ཅུའི་རིང་ས་ཆེན་འདིར་མངོན་པར་འཕགས་ཤིང་ལྷམ་མེར་གསལ།

ལྷག་པར་དུ་བོད་ཀྱི་ཆོས་དང་རིག་གཞུང་ཉག་ཕྲ་ཞིང་ནང་བསྟན་མིང་མེད་དུ་གྱུར་ལ་ཉེ་བའི་སྐབས་དགུང་ལོ་༡༦ ནས་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དེ་མི་ལོ་དེ་དག་གི་རིང་སྤྱོད་པ་འཚེ་བ་མེད་པ་དང་། ལྟ་བ་རྟེན་ཅིང་འབྲེལ་འབྱུང་གི་ནང་བསྟན་གྱི་གཞི་རྐང་འཛིན་ཏེ་འཛམ་གླིང་ཁྱོན་ལ་ཞི་བདེའི་ལམ་སྟོན་པ་ཆེན་པོའི་མཚན་སྙན་གྱི་བ་དན་དཀར་པོ་ཕྱོགས་མཐའ་ཀུན་ཏུ་ཁྱབ་པར་མཛད་པའི་བཀའ་དྲིན་ལ་སུས་ཀྱང་བསྔགས་འོས་པ་ཉིད་ལས་མ་འདས།
ལྷག་པར་དུ་རྣམ་དཔྱོད་ཀྱི་རྩལ་ཕུན་སུམ་ཚོགས་པས་གདུལ་བྱ་རྣམས་ལ་ནང་པའི་གཞུང་ནས་གསུངས་པའི་ཚན་རིག་དང་ལྟ་གྲུབ། ནང་ཆོས་ཀྱི་ཉམས་ལེན་ཀྱི་སྡེ་ཚན་བཅས་སོ་སོར་དགོངས་པ་བཀྲལ་ཅིང་འཛམ་གླིང་ན་ཆེས་སྙན་པའི་གྲགས་པ་འབར་བའི་ཚན་རིག་མི་སྣ་རྣམས་དང་ལྷན་བགྲོ་གླེང་ཐེངས་མང་གནང་སྟེ་སེམས་ཁམས་ཚན་རིག་ཟེར་བ་མཐར་གཏུགས་ན་ནང་པའི་གཞུང་ཁོ་ནར་ཐུག་གི་ཡོད་པའི་ཐད་ལ་དང་ལེན་མི་ཞུ་མཐུ་མེད་ཀྱི་གནས་སུ་གྱུར་པར་མཛད་པ་དང་།
མ་ཟད་གཉིས་སྨན་དབུ་མའི་ལམ་གྱི་སྲོལ་གཏོད་གནང་བ་དང་མགོན་པོ་མཆོག་གིས་འཛམ་གླིང་གོ་ལ་ཆེན་པོ་འདིར་བྱམས་པ་དང་བརྩེ་བའི་སྐོར་སོགས་ཉམས་བཞེས་ཀྱི་རླབས་ཆེའི་བྱ་བ་དག་མི་རྣམས་ཀྱི་མཐོང་ཆོས་སུ་མངོན་པ་བཅས་ལ་བརྟེན་གཟེངས་བསྟོད་བྱ་དགའ་སོགས་བགྲངས་ཀྱིས་མི་ལོང་བ་བཞེས་པ་བཅས་ནི་ཆེས་ཁྱད་དུ་འཕགས་པའོ།

མདོར་ན་མགོན་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པར་རྟེན་འབྲེལ་བཟང་ཞུ་བ་དང་། སླད་མར་བསྟན་པ་དང་འགྲོ་བའི་དོན་དུ་སྐུ་ཚེ་བསྐལ་པ་ནས་བསྐལ་པའི་བར་དུ་བཞུགས་སུ་གསོལ་ཞེས་ལག་ཟུང་ཐལ་མོར་སྦྱར་ཏེ་སྨོན་འདུན་གྲངས་མེད་ཞུ་བ་བཅས་སོ།།

No comments:

Post a Comment