10/12/2014

སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་དང་པོ་ནས་བཅུ་གཅིག་བར་ཞབས་དྲུང་རིམ་བྱོན་གྱི་རྣམ་ཐར།

༼ཁམས་སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་དང་པོ།༽
ཁམས་སྟོང་འཁོར་ཧོ་ཐོག་ཐུ་ཞབས་དྲུང་དང་པོ་ཟླ་བ་རྒྱལ་མཚན་ནི། སྤྱི་ལོ་ ༡༤༧༤ ལོར་ཡབ་ཡུམ་དབུལ་པོའི་རྣམ་པ་ཅན་གྱི་སྲས་སུ་ས་ག་ཟླ་བའི་ཚེས་བཅོ་ལྔའི་མཚན་མོའི་ཟླ་བ་ཉ་གང་བ་ཤར་རི་ནས་ཚེས་ཚེ་ཁམས་སྟོང་འཁོར་ཙེ་ངོས་སྡེ་བའི་ས་ཆའི་ཀུ་མུ་དའི་མཚེར་དུ་སྐུ་འཁྲུངས། ནར་སོན་པ་ན་བཤེས་གཉེན་དུ་མའི་ཞབས་ལ་གཏུགས་ནས་ཐུན་མོང་དང་ཐུན་མིན་གྱི་རིག་གནས་ལ་སྦྱངས། རྗེ་ཟླ་བ་དབང་ཕྱུག་གི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས།
དེའི་རྗེས་སུ་དབུས་ཕྱོགས་སུ་ཕེབས་ཏེ་སེ་ར་དགོན་གྱི་རོང་པོ་ཁང་ཚན་དུ་ཞུགས་ནས་བསྡུས་གྲྭ་ནས་བཟུང་སྟེ་སྦྱང་པ་མཐར་ཕྱིན་པར་མཛད། ཁོང་ཉིད་གདན་ས་རུ་ཕེབས་པའི་དུས་ནི་རྒྱལ་བ་དགེ་འདུན་རྒྱ་མཚོ་དང་། པཎ་ཆེན་བསོད་ནམས་གྲགས་པ། སེ་ར་རྗེ་བཙུན་པ་རྣམས་ཞལ་འཛོམས་དུས་ཡིན་པ་མདོ་སྨད་ཆོས་འབྱུང་དེབ་ཐེར་རྒྱ་མཚོ་རུ་གསལ། དེ་ནས་རང་ཡུལ་དུ་ཕེབས་ཏེ་བསྭོ་ཐོག་གནས་ཀྱི་རང་བྱོན་སྒྲུབ་ཕུག་ཏུ་བཞུགས་ནས་སྒྲུབ་པ་ཡུན་རིང་དུ་གནང་བའི་རིང་ལ་དགེ་འདུན་གྱི་སྡེ་ཞིག་ཕྱག་བཏབ་ནས་འཇམ་མགོན་བླ་མའི་བསྟན་པ་དར་སྤེལ་གནང་དགོས་པའི་ཐུགས་འདུན་འཁྲུངས། སྐབས་དེ་དུས་སུ་ས་ཕྱོགས་དེར་རྗེ་བླ་མའི་བསྟན་པ་དར་མེད་ཅིང་། ཕྱོགས་དེ་ནས་རྗེ་ཟླ་བ་རྒྱལ་མཚན་གྱིས་གནས་གཡར་ཞུས་ཏེ་གཡར་ཁང་རི་སུལ་དུ་རི་ཁྲོད་ཆོས་འབྱོར་ཕུན་ཚོགས་གླིང་ཞེས་པ་དར། དེ་རྗེས་གསང་ཆེན་རྡོ་རྗེ་གླིང་གི་དགོན་སྡེ་ཆེན་མོ་ཕྱག་བཏབ། གཙུག་ལག་ཁང་དང་འདུས་ཁང་གསེར་ཁང་གྲྭ་ཤག་སོགས་ཕྱིའི་བཀོད་པ་རྣམས་དང་། སྐུ་གསུང་ཐུགས་རྟེན། དགེ་འདུན་གྱི་སྡེ་བཅས་གསར་འཛུགས་གནང་ཞིང་། རྒྱལ་བའི་བཀའ་འགྱུར་གསེར་བྲིས་མ་སོགས་ད་དུང་ཡང་འགའ་མཇལ་རྒྱུ་ཡོད། མ་ཟད་དུས་འགྱུར་སྐབས་སོགས་སུ་བོར་བརླག་སོང་བར་མ་གཏོགས་པའི་ལྷག་ཡོད་གསུང་འབུམ་རྣམས་ད་ལྟའི་ཆར་མིག་སྔར་མཆིས་པ་ནི་རྒྱ་མཚོ་ལས་ཆུ་ཐིག་གི་ཚུལ་དུ་ཐོར་བུ་ཙམ་ཡིན་པ་སྨོས་མེད་ཡིན་པར་གདོན་མི་ཟའོ། །དེ་ནས་དགུང་གྲངས་གྱ་གཉིས་ཏེ་སྤྱི་ལོ་ ༡༥༥༥ ལོར་སྐུ་ཞི་བར་གཤེགས་ཚུལ་བསྟན། བཀའ་རྩོམ་ལ་སངས་རྒྱས་ལ་བསྟོད་པ་ལེའུ་དྲུག་ཅན་ཞིག་དང་། རྗེ་ཟླ་བའི་དབང་ཕྱུག་བསྟོད་པ། རྗེ་རིན་པོ་ཆེའི་རྣམ་ཐར་རྒྱས་པའི་སྒོ་ནས་བསྟོད་པ། རང་རྣམ་ཚིགས་བཅད་མ། ཆབ་ཤོག་འདྲ་མིན་སོགས་ཆོས་ཚན་བཞི་བཅུ་ལྷག་བཞུགས། རྗེ་འདིའི་འཁྲུངས་འདས་ལོ་དུས་མདོ་སྨད་ཆོས་འབྱུང་དེབ་ཐེར་རྒྱ་མཚོའི་ནང་རྒྱལ་བ་དགེ་འདུན་རྒྱ་མཚོ་དང་དགུང་གྲངས་མཉམ་པར་གསུངས་ཤིང་ ༡༤༧༦ ནས་ ༡༥༥༦ བར་དུ་ཞལ་བཞུགས་པ་གསུང་ཚུལ་རྣམས་ཅུང་མི་འདྲ་བ་འདུག་སྙམ་པས་དཔྱད་གཞིའི་ཚུལ་དུ་བཀོད་པ་ཙམ་མོ།། 
༼ཁམས་སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་གཉིས་པ།༽
ཁམས་སྟོང་འཁོར་ཧོ་ཐོག་ཐུ་ཞབས་དྲུང་གཉིས་པ་ཡོན་ཏན་རྒྱ་མཚོ་ནི། དགོན་པ་དང་ཐག་མི་རིང་བའི་ས་ཆ་སྟོང་འཁོར་ཝ་ཏི་འབུར་ཞེས་པར་སྤྱི་ལོ་ ༡༥༥༦  ལོར་འཁྲུངས། ཁོང་དགུང་གྲངས་གསུམ་ལ་སོན་ཙམ་ནས་མདོ་སྡེ་ཟ་མ་ཏོག་སོགས་རྒྱལ་བའི་བཀའ་མང་པོར་གཟིགས་ཙམ་གྱིས་མཁྱེན་རབ་ཀྱི་ཀློང་རྡོལ་བར་གྱུར། དགུང་གྲངས་བརྒྱད་ལ་རྫ་བསམ་འགྲུབ་རྩེའི་མཁན་པོ་དཀོན་མཆོག་རྒྱལ་མཚན་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། དེ་རྗེས་འབུམ་གླིང་ཕྱོགས་སུ་ཕེབས། རོང་པོ་ཀིརྟི་དགོན། ད་ཚང་དགོན། དམུ་དགེ་དགོན། ཟུང་ཆུ་དགོན་རྣམས་སུ་མཛད་འཕྲིན་བསྐྱངས། མ་ཟད་ཀླུ་ཤོད་དང་། ཅོ་ནེ། ཐུའུ་ཇི། རེབ་ཙ། ཚྭ་རྡོར། ཁུ་ཤ་ཁྲ་བོའི་ཡུལ་རྣམས་སུ་བསྟན་འགྲོའི་དོན་རླབས་ཆེན་མཛད། མཛོད་དགེ་ཁང་སར་དགོན་ཕྱག་བཏབ། སྟག་ཚང་ལྷ་མོའི་གནས་སྒོ་ཕྱེ། དབུས་ཕྱོགས་སུ་ཕེབས་ཏེ་ཐོས་བསམ་སློབ་གཉེར་ཚུལ་བཞིན་གནང་། དགུང་ལོ་ཉེར་གསུམ་སྟེང་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་མདུན་ནས་བསྙེན་པར་རྫོགས། རྒྱལ་བ་བསོད་ནམས་རྒྱ་མཚོས་ཁོང་གི་ཚབ་ཏུ་ཨལ་ཐན་ཆོས་ཀྱི་རྒྱལ་པོ་དང་མཉམ་དུ་སོག་ཡུལ་དུ་ཆོས་གསུང་བར་མངགས། སོག་ཡུལ་དུ་དགེ་འདུན་གྱི་སྡེ་འཛུགས། སོག་ཡུལ་དུ་བཞུགས་པའི་སྐབས་དེར་གོང་མ་ཏཱ་མིང་ཝན་ལེ་རྒྱལ་པོས་ཀྱང་དམ་པ་དེ་ལས་ཆོས་གསན། དེ་ནས་བཟུང་རྒྱ་ཧོར་སོག་གསུམ་གྱི་བླ་མ་ཞེས་ཡོངས་སུ་གྲགས་པ་དང་། ཁྱད་པར་དུ་མདོ་སྨད་ཡུལ་དུ་གསེར་མདོག་ཅོད་པཎ་འཆང་བའི་རིང་ལུགས་དྲི་མ་མེད་པས་ཁྱབ་པར་བཀའ་དྲིན་ཤིན་ཏུ་ཆེ་ཚུལ་མདོ་སྨད་ཆོས་འབྱུང་དེབ་ཐེར་རྒྱ་མཚོ་དང་། བཻཌཱུརྱའི་མེ་ལོང་རྣམས་སུ་གསལ་བའོ། །དེ་ཡང་རྗེ་སྐལ་ལྡན་པས། སྤྲུལ་སྐུ་བསོད་ནམས་རྒྱ་མཚོའི་དུས། །གཟིམས་ཁང་གོང་གི་སྤྲུལ་པའི་སྐུ། །བསོད་ནམས་ཡེ་ཤེས་དབང་པོ་དང་། །སྟོང་འཁོར་ཡོན་ཏན་རྒྱ་མཚོ་དང་། །དུང་རྩེ་ཀུན་དགའ་དཔལ་བཟང་སོགས། །སངས་རྒྱས་བྱང་སེམས་དུ་མ་ཡིས། །མདོ་སྨད་ཡུལ་འདིར་ཡོངས་སུ་གང་། །ཞེས་དང་། སླར་མངོན་ཤེས་རྫུ་འཕྲུལ་སྣ་ཚོགས་པས། །བོད་མཐའ་འཁོབ་གདུལ་བྱ་མཐའ་ཡས་པའི། །དོན་མཛད་ཕྱིར་ཡོན་ཏན་རྒྱ་མཚོ་བ། །དུས་ད་ལྟ་སྟོང་སྐོར་སྤྲུལ་པའི་སྐུ། །རྗེ་སྐྱབས་མཆོག་བླ་མས་ཐུགས་རྗེས་ཟུངས། །ཞེས་གསུངས་པ་ལྟ་བུའོ། །རྒྱལ་བ་བསོད་ནམས་རྒྱ་མཚོའི་རྗེས་སུ་སེ་རའི་ཁྲི་པ་མཛད། སེ་རའི་ཁྲི་རབས་བཅུ་དྲུག་པ་ཡིན། བཀའ་རྩོམ་ལ། ཟབ་མོ་དབུ་མའི་ལྟ་ཁྲིད་འབྲུག་གི་སྒྲ་དབྱངས། འོད་དཔག་མེད་ཀྱི་འཕོ་བ། རྒྱུད་སྡེ་བཞིའི་གནད་བསྡུས་རིག་འཛིན་རོལ་པའི་དགའ་སྟོན། རང་རྣམ་ཁག་ལྔ་ཙམ། རི་བོ་དགེ་ལྡན་པའི་བསྟོད་པ་ངོ་མཚར་རྨད་བྱུང་མ། གཅོད་ཀྱི་ཉམས་ལེན་སོགས་ཆོས་ཚན་ཉེར་བདུན་ཙམ་བཞུགས། དགུང་གྲངས་སུམ་གཅིག་སྟེང་སྤྱི་ལོ་ ༡༥༨༧ ལོར་སྐུ་ཞི་བར་གཤེགས་ཚུལ་བསྟན་ཏོ།།
༼ཁམས་སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་གསུམ་པ།༽
ཁམས་སྟོང་འཁོར་ཧོ་ཐོག་ཐུ་ཞབས་དྲུང་གསུམ་པ་རྒྱལ་བ་རྒྱ་མཚོ་ནི། ཡབ་བསོད་ནམས་རྣམ་རྒྱལ་དང་། ཡུམ་པདྨ་མཚོ་གཉིས་ཀྱི་སྲས་སུ་དཀར་མཛེས་ཏྲེ་ཤོད་སྟག་བཟང་དུ་སྤྱི་ལོ་ ༡༥༨༨ ལོར་སྐུ་འཁྲུངས། ཆུང་བྱིས་པ་དགུང་གྲངས་གཉིས་ལ་སོན་པ་ཙམ་ནས་རྗེ་བླ་མ་ཡ་གིར་འདུག་གསུངས། གང་དུ་འདུག་དྲིས་པའི་ལན་དུ། ཉི་མ་དང་ནི་ཉེ་བ་ན། །སྐུ་ལ་ཆོས་གོས་བཟང་པོ་གསོལ། །དབུ་ལ་པཎ་ཞྭ་སྣེ་རིང་གསོལ། །ཆོས་འཆད་ཕྱག་རྒྱ་མཛད་ནས་བཞུགས། །ཞེས་ཚིགས་སུ་བཅད་པ་གསུངས་པ་སོགས་དམ་པའི་མཛད་པ་རང་ཆས་སུ་ཡོད་པ་ཞིག་ཡིན། ལོ་བཞི་ལ་སོན་པ་ན་མཁས་མཆོག་བློ་བཟང་བསྟན་པའི་རྒྱ་མཚོའི་མདུན་ནས་དགེ་བསྙེན་བཞེས། བོད་དབུས་ཕྱོགས་སུ་ཕེབས་ནས་སེར་སྨད་རོང་པོ་ཁམས་ཚན་དུ་ཆོས་ཞུགས་གནང་སྟེ་བསླབ་པར་སློབ་གཉེར་མཛད། བསླབ་པ་མཐར་སོན་ནས་དགེ་བཤེས་དམ་འཇོག་གནང་། སླར་སྟོང་འཁོར་ཡུལ་དུ་ཕེབས་ནས་བསྟན་འགྲོའི་དོན་ལ་མཛད་འཕྲིན་རྒྱ་ཆེར་བསྐྱངས། སྤྱི་ལོ་ ༡༦༣༩ ལོར་སྐུ་ལུས་དོར་དེ་ལུས་གཞན་ལ་གྲོང་འཇུག་མཛད་པ་ཡིན་ནོ།།   
༼ཁམས་སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་བཞི་པ།༽
ཁམས་སྟོང་འཁོར་ཧོ་ཐོག་ཐུ་ཞབས་དྲུང་སྐུ་ཕྲེང་བཞི་པ་གྲོང་འཇུག་མདོ་རྒྱུད་རྒྱ་མཚོ་ནི། སྤྱི་ལོ་ ༡༦༣༩ ལོར་རྒྱ་ནག་(ཀན་ཀྲོའུ་)ཤུ་གྲུ་ཞེས་པའི་ཡུལ་གྱི་སུག་ཆུའི་འགྲམ་དུ་རྒྱ་ཕྲུག་ཅིག་ཚེ་ཡི་དུས་བྱས་ནས་དུར་ཁྲོད་དུ་བསྐྱལ་བའི་རོ་ལ། སྐུ་སྔོན་མ་ཉིད་གྲོང་འཇུག་མཛད་ནས་པུར་སྒྲོམ་གྱི་སྟེང་དུ་དཀྱིལ་ཀྲུང་གིས་བཞུགས་ཏེ་ང་ནི་རོ་ལང་མིན། སྟོང་འཁོར་རྒྱལ་བ་རྒྱ་མཚོས་གྲོང་འཇུག་བྱས་པ་ཡིན་གསུངས་ནས་ཀུན་དད་པ་ལ་བཀོད། རྒྱལ་བ་ཡོན་ཏན་རྒྱ་མཚོའི་དངོས་སློབ་ཆུ་བཟང་རྣམ་རྒྱལ་དཔལ་འབྱོར་རྒྱལ་མཚན་གྱིས་བཀུར་གཟོ་ལྷག་པར་གནང་བས་ཀུན་གྱིས་ཡིད་ཆེས་པར་གྱུར། རོང་པོ་སྐལ་ལྡན་རྒྱ་མཚོའི་མདུན་ནས་རབ་བྱུང་གི་སྡོམ་པ་བཞེས་ཏེ་མཚན་ལ་འཇམ་དབྱངས་རྒྱ་མཚོ་གསོལ། དབུས་ཕྱོགས་སུ་ཕེབས་ནས་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་མདུན་ནས་བསྙེན་རྫོགས་བཞེས། མཚན་ལ་མདོ་རྒྱུད་རྒྱ་མཚོ་ཞེས་གསོལ། གོང་ས་ལྔ་པ་ཆེན་པོ་འབྲས་སྤུངས་སུ་བཞུགས་པའི་སྐབས་ལ་མཇལ་འཛོམས་གནང་། སེ་རར་ཆོས་ཞུགས་གནང་། ༸གོང་ས་ལྔ་པས་བཀའ་སློབ་གནང་དོན་ལྟར་ཉི་བཀྲ་ཤིས་དར་རྒྱས་གླིང་དང་། ཟི་ལིང་དུ་སྟོང་འཁོར་དགོན། དཔའ་རིས་ཕྱོགས་སུ་དགོན་སྡེ་གཅིག་བཅས་ཕྱག་བཏབ། མན་ཆིང་རྒྱལ་རབས་ཀྱི་ཁྲི་ཐོག་གཉིས་པ་གོང་མ་ཁང་ཤིས་ཀྱི་དབུ་བླར་ཕེབས། མདོར་ན་གོང་ས་ལྔ་པ་དང་། པཎ་ཆེན་བློ་བཟང་ཆོས་རྒྱན། རོང་པོ་སྐལ་ལྡན་རྒྱ་མཚོ་སོགས་ཀྱི་དངོས་སློབ་ཡིན་པ་ཙམ་དུ་མ་ཟད་ཆོས་སྲིད་ལུགས་ཀྱི་ཐད་ལ་འགྲན་ཟླ་བྲལ་བ་ཞིག་ཡིན། མི་རྗེ་ཚ་ཁོ་རྒྱལ་པོས་གདན་དྲངས་ཏེ་རྒྱལ་བློན་འབངས་འཁོར་དང་བཅས་པ་ལ་མདོ་སྔགས་ཀྱི་ཆོས་རྒྱ་ཆེར་གསུངས། དགུང་གྲངས་ཞེ་ལྔ་ལ་ཕེབས་ཚེ་སྤྱི་ལོ་ ༡༦༨༣ ལོར་སྐུ་ཞི་བར་གཤེགས་ཚུལ་བསྟན་ཏོ།། 
༼ཁམས་སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་ལྔ་པ།༽
ཁམས་སྟོང་འཁོར་ཧོ་ཐོག་ཐུ་ཞབས་དྲུང་ལྔ་པ་ངག་དབང་བསོད་ནམས་རྒྱ་མཚོ་ནི།  སྤྱི་ལོ་ ༡༦༨༤ ལོར་རྨ་ཆུའི་རྒྱུད་དུ་གཅན་ཚའི་དཔོན་པོ་ཡབ་འབུམ་ཡག་སྐྱབས་དང་། ཡུམ་འབུམ་མི་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་ངུའི་དུས་ནས་སྐུ་སྔོན་མ་མདོ་རྒྱུད་རྒྱ་མཚོའི་སྐུ་སྐྱེ་ཡིན་པར་ཀུན་གྱིས་གླེང་། ཡུན་མི་རིང་བར་ཁམས་སྟོང་འཁོར་དགོན་དང་། ཟི་ལིང་སྟོང་འཁོར་དགོན། དེ་བཞིན་དཔའ་རིས། ཅོ་ནེ་བཅས་སུ་གོང་མའི་ཁྲིར་མངའ་གསོལ། ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་དྲུང་ནས་དགེ་བསྙེན་དང་དགེ་ཚུལ་བཞེས། བོད་དབུས་ཕྱོགས་སུ་ཕེབས་མེད་ཀྱང་བཤེས་གཉེན་དམ་པ་དུ་མར་བསྟེན་ནས་མདོ་སྔགས་ཀྱི་ཆོས་ཚུལ་མཐའ་ཡས་པ་ཁོང་དུ་ཆུད་པར་མཛད། དགེ་ལུགས་ཙམ་མ་ཟད་ས་རྙིང་བཀའ་བརྒྱུད་བཅས་ནང་པའི་གྲུབ་མཐའ་དག་ལ་བྱང་ཆུབ་པར་གནང་། ཞབས་དྲུང་དཀར་པོ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་དྲུང་ནས་བསྙེན་རྫོགས་བཞེས། ཁམས་སྟོང་འཁོར་ཡུལ་གྱི་རང་དགོན་དུ་སྨོན་ལམ་ཆེན་མོ་དང་། དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་ཕྱག་བཞེས་ལྟར་གྱི་དགུ་གཏོར་ཆེན་མོ་གསར་འཛུགས་གནང་། ལྷན་དུ་ཉི་བཀྲ་ཤིས་དར་རྒྱས་གླིང་དུ་ཡང་དགུ་གཏོར་ཆེན་མོ་གསར་འཛུགས་གནང་། ལུ་གུ་དགོན་ཆོས་སྡེ་བཀྲ་ཤིས་གླིང་ཕྱག་བཏབ། ཟི་ལིང་སྟོང་འཁོར་ཐུབ་བསྟན་བཤད་སྒྲུབ་གླིང་ཕྱག་བཏབ་སྟེ་སེར་སྨད་གྲྭ་ཚང་གི་འཆད་ཉན་བཞིན་གྲྭ་ཚང་གསར་འཛུགས་དང་ཆོ་འཕྲུལ་སྨོན་ལམ་ཆེན་མོ། དགུ་གཏོར་ཆེན་མོ་བཅས་བཙུགས་ཏེ་བསྟན་འགྲོའི་དོན་རྒྱ་ཆེར་བསྐྱངས། བཀའ་རྩོམ་ལ། སྤྱན་རས་གཟིགས་ཀྱི་དམར་ཁྲིད་ཚིམ་བུ་ལུགས་ཀྱི་ཉམས་ལེན་བྱ་ཚུལ་གྱི་རིམ་པ་ཟླ་གཞོན་གསར་བའི་དཀྱིལ་འཁོར་དང་། རྟ་མགྲིན་སྐྱེར་སྒང་ལུགས་ཀྱི་སྒྲུབ་ཐབས་བདུད་དཔུང་འཇོམས་པའི་རྡོ་རྗེ་སོགས་ཆོས་ཚན་དགུ་ཙམ་བཞུགས། རི་བོ་རྩེ་ལྔ་རུ་ཕེབས་ནས་ཕྱིར་ཕེབས་ལམ་དུ་བཞེས་དཀར་ཆག་སྟེ་འདྲ་མཚུངས་གཉིས་སུ་གས་པས་ཁོང་ལ་ཡང་སྲིད་གཉིས་ཕེབས་པའི་རྟེན་འབྲེལ་འགྲིགས། རིང་པོར་མ་སོང་བར་སྤྱི་ལོ་ ༡༧༥༢ ལ་ཞི་བར་གཤེགས།། 
༼ཁམས་སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་དྲུག་པ།༽
ཁམས་སྟོང་འཁོར་ཧོ་ཐོག་ཐུ་ཞབས་དྲུང་དྲུག་པ་འཇམ་དཔལ་དགེ་འདུན་རྒྱ་མཚོ་ནི། སྤྱི་ལོ་ ༡༧༥༤ ལོར་ཁམས་སྟོང་འཁོར་ཡུལ་གྱི་རྨོག་རན་གྲོང་སྡེ་རུ་ཡབ་རིན་ཆེན་དང་ཡུམ་སྒྲོལ་མ་ཐར་གཉིས་ཀྱི་སྲས་སུ་འཁྲུངས། འཁྲུངས་ས་དེར་རྡོ་ལ་ཞབས་རྗེས་བཞག་པ་ད་དུང་ཡང་གཞིས་ཁྱིམ་དེས་རྩ་ཆེན་དུ་རྩི་བཞིན་པ་མཇལ་རྒྱུ་ཡོད། ནར་སོན་པ་ན་པཎ་ཆེན་དཔལ་ལྡན་ཡེ་ཤེས་དང་། ཆོས་འཁོར་སྤྲུལ་སྐུ་དགེ་འདུན་བསྟན་པའི་རྒྱལ་མཚན། ཡོངས་འཛིན་ཕུར་ལྕོག་བྱམས་པ་རིན་པོ་ཆེ་སོགས་ཀྱིས་སྟོང་འཁོར་བླ་མར་ངོས་འཛིན་མཛད། དབུས་ཕྱོགས་སུ་ཐོས་བསམ་སློབ་གཉེར་གནང་། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་དྲུང་དུ་བསྙེན་པར་རྫོགས། གདན་སར་ལྷ་རམས་པའི་མཚན་གནས་བཞེས། རྩོད་ལན་ལ་ཐོགས་པར་མེད་པས་རོང་པོའི་མ་རྡུང་གསེར་རྔ་རང་གྲགས་ཞེས་སྙན་པའི་གྲགས་པ་འབར། རང་ཡུལ་དུ་ཕེབས་རྗེས་སྐུ་འབུམ་དུ་པཎ་ཆེན་འཇམ་དབྱངས་བཞེད་པ་སོགས་ལས་ཆོས་མང་དུ་གསན།  མཛོད་དགེ་ཤོག་ཀ་བཅོ་བརྒྱད་དང་། དམུ་དགེ། ད་ཚང་དགོན། ཚ་ཁོ་ལྕོག་རྩེ་རྒྱལ་པོ། ཚ་ཁོ་རྫོང་འགགས་རྒྱལ་པོ། རྟའུ་ཉ་མཚོ་དགོན་སོགས་ལ་ཆོས་མང་དུ་གསུངས་ནས་བསྟན་འགྲོའི་དོན་མཐའ་ཡས་པར་མཛད། ལྕང་སྐྱ་རིན་པོ་ཆེ་དང་པེ་ཅིང་དུ་མཇལ་འཕྲད་གནང་། དེར་གོང་མ་ཆན་ལུང་དང་ཡང་མཇལ་འཕྲད་མཛད་རྗེས། གོང་མའི་བཀའ་ལྟར་སོག་ཡུལ་ནས་རྒྱལ་པོ་ཞིག་གིས་དགོན་པ་ཞིག་ཀྱང་ཕུལ། རང་དགོན་དུ་གཙང་བཀྲ་ཤིས་ལྷུན་པོའི་ཕྱག་ལེན་ལྟར་གྱི་དྲུག་ཅུ་ལྕགས་མཁར་ཆེན་མོ་གསར་འཛུགས་གནང་། སྤྱི་ལོ་ ༡༧༩༩ ལོར་ཧོར་བྲག་འགོ་ནས་སྤྲུལ་པའི་ལྷ་བཟོ་ནམ་མཁའ་རྒྱན་གདན་དྲངས་ཏེ་སྐུ་ཐང་ཡ་མཚན་པ་གྲངས་ ༤༡ ཙམ་བཞེངས་སུ་བཅུག སྤྱི་ལོ་ ༡༨༠༠ ལོར་གདན་ས་ཆེན་པོ་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཕྱག་བཞེས་ལྟར་གྱི་ཆོས་གྲྭ་ཆེན་མོ་རྒྱལ་བསྟན་ནོར་བུའི་བང་མཛོད་ཕྱོགས་ལས་རྣམ་རྒྱལ་འཇམ་དབྱངས་ཀུན་དགའ་མཐོང་གྲོལ་ཞེས་བྱ་བ་གསར་འཛུགས་གནང་། སྔོན་གྱི་རྟེན་འབྲེལ་བཞིན་སྐུ་ཕྲེང་ལྔ་པའི་ཡང་སྲིད་གཅིག་ཟི་ལིང་སྟོང་འཁོར་འཇམ་དབྱངས་བསྟན་འཛིན་རྒྱ་མཚོ་ཞུ་བ་ཞིག་ཁོང་ཉིད་དང་དུས་མཚུངས་སུ་འཁྲུངས་པ་ནས་བཟུང་། ཟི་ལིང་སྟོང་འཁོར་སྤྲུལ་སྐུས་གཙོ་བོ་མདོ་མཁར་ཟི་ལིང་ཕྱོགས་ཀྱི་དགོན་སྡེ་དང་སློབ་འབངས་རྣམས་སྐྱོང་བ་དང་། ཁམས་སྟོང་འཁོར་ཞབས་དྲུང་གིས་གཙོ་བོ་ཁམས་སྟོང་འཁོར་གྱི་དགོན་མ་ལག་སྡེ་འབངས་རྣམས་སྐྱོང་བའི་སྲོལ་བྱུང་། འཇམ་དཔལ་དགེ་འདུན་རྒྱ་མཚོའི་བཀའ་རྩོམ་ལ། དོན་བདུན་ཅུའི་རྣམ་བཤད་བདུད་རྩིའི་གཟེགས་མ། དམ་ཆོས་པད་དཀར་གྱི་ཕན་ཡོན། སྐྱེས་རབས་སྤྱི་བཤད་སོགས་ནང་དོན་རིག་པ་དང་། དེ་མིན་བརྡ་སྤྲོད་སྨན་རྩིས་སོགས་ཆོས་ཚན་ཉེར་གཅིག་ཙམ་བཞུགས། མཐར་དགུང་ལོ་ལྔ་བཅུ་པའི་སྟེང་སྤྱི་ལོ་ ༡༨༠༣ ལོར་མཉམ་བཞག་ངང་ཞི་བར་གཤེགས་སོ།། 
༼ཁམས་སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་བདུན་པ།༽
ཁམས་སྟོང་འཁོར་ཧོ་ཐོག་ཐུ་ཞབས་དྲུང་བདུན་པ་བློ་བཟང་མདོ་རྒྱུད་ཡེ་ཤེས་བསྟན་པའི་རྒྱལ་མཚན་ནི། ཁམས་ཕྱོགས་ཀྱི་སྡེ་དགེའི་མངའ་འོག་ཡིད་ལྷུང་ཞེས་པར་སྤྱི་ལོ་ ༡༨༠༦ ལོར་ཡབ་དཀར་དགེ་དང་། ཡུམ་དགེ་འདུན་མཚོ་གཉིས་ཀྱི་སྲས་སུ་འཁྲུངས། པཎ་ཆེན་བསྟན་པའི་ཉི་མ་སོགས་ཀྱིས་ཁམས་སྟོང་འཁོར་བླ་མར་ངོས་འཛིན་གནང་། རྭ་ལོ་རྡོ་རྗེ་འཆང་གི་མདུན་ནས་གཟིགས་རྒྱབ་སྤྲུལ་སྐུ་དང་མཉམ་དུ་སྟོང་འཁོར་གསེར་ཁང་དུ་དགེ་ཚུལ་བཞེས། ལྷ་ལྡན་དུ་ཕེབས་ནས་རྒྱལ་བ་ཚུལ་ཁྲིམས་རྒྱལ་མཚོ་སོགས་སྤྲུལ་སྐུ་ཆེ་གྲས་རྣམས་ཀྱིས་དགྱེས་ཚོར་ཆེན་པོས་གོ་ས་དང་གཟེངས་བསྟོད་སྩལ། པཎ་ཆེན་བསྟན་པའི་ཉི་མ་ལས་བསྙེན་པར་རྫོགས། བསླབ་པ་མཐར་སོན་ནས་སྤྱི་ལོ་ ༡༨༣༦ ལོར་གཞུང་ས་ནས་ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་ཀྱི་ལྷ་རམས་པ་ཨང་དང་པོ་དང་། མཁན་ཆས་སོགས་ཀྱིས་གཟེངས་བསྟོད་ཆེན་པོ་གནང་། དེ་རྗེས་ཀེའུ་ཚང་རྣམ་གྲོལ་རིན་པོ་ཆེས་ཐུགས་བརྟག་བཞིན་ཕ་ཡུལ་རང་དགོན་དུ་ཕེབས་ནས་ཆོས་གྲྭའི་འཆད་ཉན་དང་སྒྲིག་འཛུགས་སོགས་ཀྱི་ཐུགས་འགན་ཆེར་བཞེས་གནང་། ཉི་བཀྲ་ཤིས་དར་རྒྱས་གླིང་དུ་ཆོས་གྲྭ་གསར་འཛུགས་གནང་། བཀའ་རྩོམ་ལ། རྗེ་ཙོང་ཁ་པའི་རྣམ་ཐར་སྐལ་ལྡན་རེ་སྐོང་དང་། འཇམ་དཔལ་མཚན་བརྗོད་འགྲེལ་བ། ཕར་ཕྱིན་བསྡུས་དོན། བཟང་སྤྱོད་འགྲེལ་བ།  ཀུན་རིག་དབང་གི་བསྡུས་དོན། བླ་མའི་རྣལ་འབྱོར་སོགས་ཆོས་ཚན་མང་དུ་ཡོད། མཐར་དགུང་ལོ་ཞེ་བདུན་པ་སྤྱི་ལོ་ ༡༨༥༢ ལོར་ཞི་བར་གཤེགས་སོ།།
༼ཁམས་སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་བརྒྱད་པ།༽
ཁམས་སྟོང་འཁོར་ཧོ་ཐོག་ཐུ་ཞབས་དྲུང་བརྒྱད་པ་ངག་དབང་མདོ་རྒྱུད་ཡོན་ཏན་རབ་རྒྱས་ནི། སྟོང་འཁོར་ཡུལ་གྱི་བྱང་ཕྱོགས་ཐག་རིང་མིན་པའི་སེ་རའི་དགོན་གྱི་ཉེ་འདབས་སུ་སྤྱི་ལོ་ ༡༨༥༣ ལོར་ཡབ་ཀརྨ་དར་རྒྱས་དང་། ཡུམ་སྐྱིད་རིང་གཉིས་ཀྱི་སྲས་སུ་འཁྲུངས། པཎ་ཆེན་བསྟན་པའི་ཉི་མས་ཞབས་དྲུང་བདུན་པའི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་མཛད། སྲིད་སྐྱོང་རྭ་སྒྲེང་རྡོ་རྗེ་འཆང་གིས་མཚན་གསོལ་དང་ཞབས་བརྟན་གསོལ་འདེབས་བཅས་བརྩམས།  རྫ་ཆོས་རྗེ་བློ་བཟང་བསྟན་འཛིན་མཐུ་སྟོབས་རྒྱ་མཚོ་སོགས་དགེ་འདུན་གྲངས་ཚང་གི་དབུས་སུ་དགེ་ཚུལ་བཞེས། དབུས་ཕྱོགས་སུ་ཕེབས་ཏེ་རྒྱལ་བ་ཡབ་སྲས་དང་མཇལ། ཀེའུ་ཚང་བློ་བཟང་བསྟན་པ་ཡར་རྒྱས་ཀྱི་མདུན་ནས་བསྙེན་པར་རྫོགས། རང་དགོན་དུ་ཕེབས་ཏེ་དཔལ་འཁོར་ལོ་བདེ་མཆོག་གི་སྒྲུབ་མཆོད་དང་། ཆོས་སྐྱོང་དྲེགས་པ་ལྕམ་སྲིང་གི་སྒྲུབ་མཆོད་གར་འཆམ་དང་བཅས་པ་བཙུགས།  སྤྱི་ལོ་ ༡༨༩༡ ལོར་དཀར་ཆས་བཞེས་པའི་ཚུལ་མཛད། སྨན་བླའི་ཆོས་ཐོག་བཙུགས། བཀའ་རྩོམ་ལ། ཚོགས་མཆོད་ཕན་བདེའི་ཆར་འབེབས། ཚོགས་མཆོད་ཡིད་ཀྱི་རེ་སྐོང་། གསེར་སྐྱེམས་འབུལ་ཚུལ་འཕྲིན་ལས་མྱུར་འགྲུབ། ལྷ་མོའི་ཆོས་སྐོར་བེའུ་བུམ་དཀར་ཆག གསུང་མགུར་དང་ཞལ་གདམས་བཅས་ཆོས་ཚན་མང་དུ་བཞུགས། མཐར་སྤྱི་ལོ་ ༡༨༩༥ ལོར་སྐུ་ལ་ངུར་སྨྲིག་གི་ན་བཟའ་བཞེས་ཤིང་ཞབས་གཡས་བསྐུམས་གཡོན་བརྐྱངས། ཕྱག་གཡས་སྡིགས་མཛུབ་མཛད་དེ་པུས་མོའི་སྟེང་དུ་བཞག གཡོན་མཉམ་བཞག་གི་ཚུལ་མཛད་དེ་གདུག་པ་ཅན་ཐམས་ཅད་ཚར་གཅོད་པར་གྱུར་ཅིག་ཅེས་གསུངས་ནས་དེ་ཉིད་དུ་སྐུ་ཞི་བར་གཤེགས་སོ།། 
༼ཁམས་སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་དགུ་པ།༽
ཁམས་སྟོང་འཁོར་ཧོ་ཐོག་ཐུ་ཞབས་དྲུང་དགུ་པ་བློ་བཟང་ཐུབ་བསྟན་འཇིགས་མེད་ཚུལ་ཁྲིམས་རྒྱ་མཚོ་ནི། ཧོར་ཁོག་བྲག་འགོའི་ནོར་བུ་ཁུག་ཏུ་སྤྱི་ལོ་ ༡༨༩༦ ལོར་ཡབ་རིག་འཛིན་དང་། ཡུམ་རྣམ་རྒྱལ་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། འཁྲུངས་ནས་ཞག་གསུམ་ལོན་པ་ན་ནམ་མཁའ་ལ་གཟིགས་ཏེ། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་བརྗོད་པ་དང་ཆུང་ངུའི་དུས་ནས་ཐུགས་རྒྱུད་བྱམས་སེམས་ཀྱིས་གང་བ་ཞིག་ཡིན། རྒྱལ་བ་ཐུབ་བསྟན་རྒྱ་མཚོས་སྟོང་འཁོར་བླ་མའི་ཡང་སྲིད་དུ་ངོས་འཛིན་གནང་ནས་ཐུབ་པའི་སྐུ་ངོ་མཚར་བ་བཅས་གནང་། ནགས་གཙང་རྡོ་རྗེ་འཆང་ལས་ཡི་གེ་འབྲི་ཀློག་བཅས་སྦྱངས། བྲག་དཀར་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་ཀྱི་མདུན་ནས་ཡོངས་རྫོགས་དགེ་བསྙེན་དང་དགེ་ཚུལ་བཅས་བཞེས། ལོ་རེར་ཆོས་གྲྭར་ཟླ་བ་གསུམ་ཙམ་རེ་ལ་ཕེབས་ནས་སྔོན་འགྲོའི་གསུང་ཆོས་ལ་འདུལ་བའི་བསླབ་བྱ་དང་། ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། གནས་བརྟན་རྟོགས་བརྗོད། སྐྱེས་རབས་སོ་བཞི་པ་སོགས་ཀྱི་འཆད་ཁྲིད་གནང་། དངོས་གཞིར་ལམ་རིམ་ཆེན་མོ་འཆད་ཁྲིད་མཛད་པ་སོགས་བཀའ་དྲིན་ཆེན་པོས་བསྐྱངས། དབུས་ཕྱོགས་སུ་ཕེབས་ཏེ་གཞུང་ཆེན་བཀའ་པོད་ལྔ་ལ་སྦྱངས་པ་མཐར་ཕྱིན་པར་མཛད། རིགས་ཆེ་ཆུང་གི་ཚོགས་ལངས་བཞེས་ཏེ་མཁས་པ་རྣམས་དགྱེས་པའི་མཆོད་པ་ཕུལ། ལྷ་ལྡན་སྨོན་ལམ་ཆེན་མོའི་རབ་འབྱམས་པའི་མཚན་གནས་བཞེས། དགུང་ལོ་བཅོ་བརྒྱད་ཐོག་རང་དགོན་དུ་ཕེབས། སྟོང་འཁོར་ཡུལ་གྱི་སེར་སྐྱ་བགྲང་ལས་འདས་པ་འཕགས་པ་ཐུགས་རྗེ་ཆེན་པོ་བརྟེན་པའི་སྨྱུང་གནས་དང་། བསྙེན་གནས། ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་བཅས་ལ་གནས་སུ་བཅུག་ནས་སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད། བཀའ་རྩོམ་ལ། དགེ་སློང་གི་ཉིན་ཞག་ཕྲུགས་གཅིག་ལ་ཉམས་ལེན་བྱ་ཚུལ། ཡོན་ཏན་གཞིར་གྱུར་མའི་འགྲེལ་བ། བླ་མའི་རྣལ་འབྱོར་བྱིན་རླབས་ཀུན་འདུས། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཁྲིད་ཡིག་སོགས་ལེགས་བཤད་ཤིན་ཏུ་མང་། མཐར་དགུང་ལོ་སོ་དགུ་པ་སྟེ་སྤྱི་ལོ་ ༡༩༣༤ ལོར་ཞི་བར་གཤེགས།།
༼ཁམས་སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་བཅུ་པ།༽
ཁམས་སྟོང་འཁོར་ཧོ་ཐོག་ཐུ་ཞབས་དྲུང་བཅུ་པ་བློ་བཟང་ཐུབ་བསྟན་འཇིགས་མེད་བྱམས་པ་རྒྱ་མཚོ་ནི། ཁམས་རྫོགས་ཆེན་ཡུལ་དུ་སྤྱི་ལོ་ ༡༩༣༣ ལོར་ཡབ་སྐལ་དར་དང་། ཡུམ་རྒྱ་མཚོ་སྒྲོལ་མ་གཉིས་ཀྱི་སྲས་སུ་འཁྲུངས། བཙས་པའི་དུས་སྔ་ཕྱི་དུ་མར་སྦྲ་གུར་ལ་འཇའ་ཚོན་ཤར་བ་སོགས་ངོ་མཚར་བའི་ལྟས་བཟང་དུ་མ་ཀུན་གྱི་མཐུན་སྣང་དུ་ཁྱད་དུ་འཕགས་པ་ཞིག་ཏུ་སྣང་། ནར་སོན་པ་ན་ཡོངས་འཛིན་ཕུར་ལྕོག་རིན་པོ་ཆེས་སྟོང་འཁོར་བླ་མའི་ཡང་སྲིད་དུ་ངོས་འཛིན་གནང་། འཁྲུངས་ས་རྡོ་རྗེ་འཆང་གི་དྲུང་ནས་རབ་བྱུང་གི་སྡོམ་པ་བཞེས། དབུས་ཕྱོགས་སུ་ཕེབས་ཏེ་སེར་སྨད་ཀོང་པོ་དམ་ཆོས་སོགས་བཤེས་གཉེན་དུ་བསྟེན་ནས་སྦྱངས་པ་མཐར་ཕྱིན་པར་མཛད། སྤྱི་ལོ་ ༡༩༤༤ ལོར་དགེ་འདུན་ཁྲི་ཕྲག་བརྒལ་བའི་དབུས་སུ་དགེ་བཤེས་རབ་འབྱམས་པའི་མཚན་གནས་བཞེས། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་དང་མཇལ་འཕྲད་ལན་མང་གནང་། རང་དགོན་སྟོང་འཁོར་གསང་ཆེན་རྡོ་རྗེ་གླིང་དུ་ཕེབས་ནས་ཆོས་མང་དུ་གསུངས། ཁམས་སྟོང་འཁོར་ཡུལ་དགོན་སྡེ་བདུན་གྱི་སེར་སྐྱ་མང་ཚོགས་ལ་གོང་ས་༸སྐྱབས་མགོན་ཐམས་ཅད་མཁྱེན་པའི་ཞལ་མཇལ་གྱི་སྐལ་བཟང་མངོན་དུ་གྱུར་པར་གནང་། དེ་རྗེས་བོད་ས་ཡོངས་རྫོགས་རྒྱ་ཡིས་བཟུང་བ་ན་ཁོང་ཉིད་ཀྱང་བཙོན་འོག་ཏུ་ཚུད། སྐབས་དེར་བཙོན་ཁང་དུ་རིམས་ནད་ཅིག་གིས་རྐྱེན་པས་བཙོན་པ་མང་པོ་ཤི་བའི་ཚེ་ཉིད་ཀྱི་འབྲས་ཐུག་གནང་ནས་རིམས་ནད་མེད་པར་གྱུར་པ་ཀུན་ལ་གྲགས། མཐར་སྤྱི་ལོ་ ༡༩༦༠ ལོར་བཙོན་ཁང་དུ་སྐུ་གཤེགས།།  
༼ཁམས་སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་བཅུ་གཅིག་པ།༽
ཁམས་སྟོང་འཁོར་ཧོ་ཐོག་ཐུ་ཞབས་དྲུང་བཅུ་གཅིག་པ་བསྟན་འཛིན་ཐུབ་བསྟན་འཇིགས་མེད་ནི། སྟོང་འཁོར་ཟླ་ཉི་གཉིས་སུ་གྲགས་པའི་ཡ་གྱལ་ཉི་ཁོག་གི་མཚོ་མགོ་ཞེས་པའི་གྲོང་སྡེ་དང་ཉེ་བའི་ཤར་སྲིབ་གདོང་གོང་མ་ཞེས་པའི་སྤང་ཐང་ཞིག་ཏུ་སྤྱི་ལོ་ ༡༩༧༧ ལོར་ཡབ་གྱོ་པོ་དང་། ཡུམ་ཕྱུག་དགའ་གཉིས་ཀྱི་སྲས་སུ་འཁྲུངས། ཐང་དུ་འཁྲུངས་པས་ཡུལ་མི་རྣམས་ཀྱིས་ཐང་རྙེད་ཅེས་བཏགས། སྐུ་ནར་སོན་པ་ན་གཞི་ཆེན་དགོན་དུ་ཆོས་སྒོར་ཞུགས་ནས་འདོན་ཆོག་རིགས་དང་ཀུན་བཟང་བླ་མའི་ཞལ་ལུང་སོགས་ལ་སྦྱང་བརྩོན་གནང་། སྤྱི་ལོ་ ༡༩༨༥ ལོར་༸གོང་ས་ཐམས་ཅད་མཁྱེན་པ་རྒྱལ་བ་བསྟན་འཛིན་རྒྱ་མཚོས་སྟོང་འཁོར་བླ་མའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གནང་། ཁམས་སྟོང་འཁོར་དགོན་དུ་གདན་དྲངས་ནས་དགའ་ལྡན་ཁྲི་ཆེན་འཇམ་དཔལ་གཞན་ཕན་གྱི་བཀའ་ལྟར་མཁན་ཟུར་དམ་པ་པདྨ་དབང་རྒྱལ་མཆོག་ཡོངས་འཛིན་དུ་བསྟེན། གཞི་ཆེན་ཨོ་སྤྲུལ་ཐུབ་བསྟན་ལུང་རྟོགས་རྒྱ་མཚོའི་མདུན་ནས་རབ་ཏུ་བྱུང་། སྤྱི་ལོ་ ༡༩༩༣ ལོར་ཁོང་ཉིད་དང་ཡོངས་འཛིན་རིན་པོ་ཆེ་པདྨ་དབང་རྒྱལ། སྐུ་ཡི་གཅེན་པོ་དཔལ་ལྡན་ཆོས་གྲགས་བཅས་ལྷན་དུ་འཕགས་ཡུལ་དུ་ཕེབས། སེ་ར་ཐེག་ཆེན་གླིང་གི་ཚོགས་ཆེན་དང་སེར་སྨད་གྲྭ་ཚང་བཅས་སུ་ཆོས་ཞུགས་གནང་། སེ་ར་ཐེག་ཆེན་གླིང་གི་ཚོགས་ཆེན་སྤྲུལ་སྐུ་དང་། སེར་སྨད་གྲྭ་ཚང་གི་བླ་ཆེན་གྱི་གདན་ཐོབ་ཡོད། གོང་ས་ཐམས་ཅད་མཁྱེན་པའི་བཀའ་དགོངས་བཞིན་སེར་སྨད་རྒྱལ་རོང་མཁན་ཟུར་རིན་པོ་ཆེ་ངག་དབང་ཐེག་མཆོག་དཔལ་བཟང་པོ་བཤེས་གཉེན་དུ་བསྟེན་ཏེ་གཞུང་ཆེན་བཀའ་པོད་ལྔ་ལ་ཐོས་བསམ་མཛད་དེ་རིགས་ཆེ་ཆུང་གི་ཚོགས་ལངས་བཞེངས། སྤྱི་ལོ་ ༡༩༩༨ ལོར་གོང་ས་མཆོག་གི་མདུན་ནས་བསྙེན་པར་རྫོགས། སེར་སྨད་ཕར་ཕྱིན་གྲྭ་ཚང་གི་དབུ་བཞུགས་མཛད། སེ་ར་བླ་སྤྱི་དང་གྲྭ་ཚང་བཅས་སུ་གཏོར་སྒྲུབ་ཁག་གི་བླ་མ་བཅས་གནང་བ་དང་།  སྤྱི་ལོ་ ༢༠༡༠ ལོར་སློབ་གཉེར་མཐར་ཕྱིན་ནས་ལྷ་བབས་དུས་ཆེན་གྱི་ཉིན་མོར་དགེ་བཤེས་དམ་འཇོག་དང་གཏོང་སྒོ་བཅས་གྱ་ནོམ་པ་གནང་། གྲྭ་ཚང་རིན་པོ་ཆེ་གཙོས་གདན་ས་ཁག་ཏུ་བསྙེན་བཀུར་ཕུན་སུམ་ཚོགས་པ་སྟོབས་པ་དང་། དེང་གི་ཆར་ཡང་འཕགས་ཡུལ་སེ་ར་ཐེག་པ་ཆེན་པོའི་གླིང་དུ་བསྟན་པ་དང་འགྲོ་བའི་དོན་ལ་ཐུགས་འགན་ཆེར་བཞེས་ཀྱི་ངང་སྐུ་འཚོ་ཞིང་བཞུགས་པ་བཅས་སོ།
          མདོར་ན་ངག་དབང་ཆོས་གྲགས་རྒྱ་མཚོ་དཀོན་མཆོག་གྲུབ་པའི་སྡེ་དང༌། ྋགོང་ས་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ། གྲུབ་པའི་དབང་ཕྱུག་ཤར་སྐལ་ལྡན་རྒྱ་མཚོ། ྋརྒྱལ་མཆོག་བདུན་པ་བསྐལ་བཟང་རྒྱ་མཚོ། ྋཔཎ་ཆེན་དཔལ་ལྡན་ཡེ་ཤེས། ྋཔཎ་ཆེན་བསྟན་པའི་ཉི་མ། བྲག་དཀར་པཎྜིཏ་བློ་བཟང་དཔལ་ལྡན་བསྟན་འཛིན་སྙན་གྲགས་སོགས། ཚད་མའི་སྐྱེས་བུ་རྣམས་ཀྱི་གསུང་ཚད་མ་རྣམས་སུ་ྋསྟོང་འཁོར་ཞབས་དྲུང་སྐུ་ཕྲེང་རིམ་བྱོན་རྣམས་ནི། ངེས་པར་དོན་དུ་རྗེ་བཙུན་འཇམ་དཔལ་དབྱངས་ཉིད་ཀྱི་རྣམ་སྤྲུལ་དུ་གསལ་བར་གསུངས། དེ་ཡང་འཇམ་དཔལ་དབྱངས་དེ་ཉིད་ཀྱི་རྣམ་སྤྲུལ་ཞི་བའི་དབང་ཕྱུག་དང༌། དེ་ནས་མི་བསྐྱོད་ཞི་བའི་རྡོ་རྗེ། དགྲ་བཅོམ་མཆོག་གྱུར་ཞི་བའི་སྒྲ་དབྱངས། ལྷའི་བུ་སྤྲིན་གྱི་ཕྲེང་བ་ཅན། ཐོན་མི་སཾ་བྷོ་ཊ། སློབ་དཔོན་གཡུ་སྒྲ་སྙིང་པོ། གྲུབ་པའི་དབང་ཕྱུག་མི་ཏྲ་ཛྭ་ཀི། དགེ་བཤེས་པོ་ཏོ་བ། རྗེ་ཙོང་ཁ་བའི་དངོས་སློབ་འདུལ་འཛིན་གྲགས་པ་རྒྱལ་མཚན། གཞོན་ནུ་གྲགས་པ་འཇིགས་མེད་བཅས་ནི་སྟོང་འཁོར་ཞབས་དྲུང་སྐྱེ་ཕྲེང་དང་པོ་ཟླ་བ་རྒྱལ་མཚན་གྱི་སྐུ་སྐྱེ་སྔོན་མ་རྣམས་ཡིན་ལ། དེ་ནས་ཡོངས་སུ་གྲགས་པ་ལྟར་སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་རྣམས་རྗེ་ཟླ་བ་རྒྱལ་མཚན་ནས་བགྲངས། སྐུ་ཕྲེང་རིམ་བྱོན་དེ་དག་ལ་རིམ་པའི་ཧོ་ཐོག་ཐུ་དང༌། ཞབས་དྲུང༌། ནོ་མོན་ཧན། ཨེར་ཏེ་ནི། མཉྫུ་ཤྲཱི། གུ་ཤྲཱི་སོགས་ཀྱི་མཚན་གནས་ཡོད་པ་མ་ཟད། ྋརྒྱལ་མཆོག་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོས་མཛད་པའི་(རང་རྣམ་དུ་ཀཱུ་ལའི་གོས་བཟང༌།གླེགས་བམ་གཉིས་པ།)ནང་གསལ་བླ་སྤྲུལ་དང༌། རྒྱལ་ཕྲན། སྡེ་དཔོན། གཞུང་ཞབས་བཅས་ཀྱི་གོ་བབ་ལ་གཞིགས་པའི་གདན་ཡིག་ཏུ་ཆ་གཉིས་པའི་གདན་ཐོབ་གནང་ཡོད་པའི་བོད་ཀྱི་བླ་ཆེན་གྲས་ཤིག་ཡིན་པ་བཅས་སོ།།

དཔྱད་གཞིའི་ཡིག་ཆ་ཁག་ནི།

1)       སངས་རྒྱས་རིན་ཆེན་དང་འབྲུག་ཐར་གཉིས་ཀྱིས་བརྩམས་པའི་བོད་སོག་གི་རིག་གནས་འབྲེལ་བའི་ཞིབ་འཇུག
2)       དོར་ཞི་གདོང་དྲུག་སྙེམས་བློས་བརྩམས་པའི་མུན་འཇོམས་ནོར་བུའི་ཕྲེང་བ།
3)       བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་གྱི་བརྩམས་པའི་ཏྲེ་བོ་ཇི་ལྟར་བྱུང་ཚུལ་རགས་ཙམ་བཀོད་པ།
4)       ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོས་མཛད་པའི་མདོ་སྨད་ཨ་མདོའི་ཕྱོགས་སུ་བསྟན་པ་དར་ཚུལ་གྱི་ལོ་རྒྱུས།
5)       ཀིརྟི་བྱེས་པ་གྲྭ་ཚང་གི་རྩོམ་རིག་གར་ཕྲེང་།
6)       ྋརྒྱལ་བ་ལྔ་པ་ཆེན་པོས་མཛད་པའི་རྒྱལ་བ་བསོད་ནམས་རྒྱ་མཚོའི་རྣམ་ཐར་དངོས་གྲུབ་རྒྱ་མཚོའི་ཤིང་རྟ།
7)       གུ་ཤྲཱི་དཀའ་བཅུ་འཇིགས་མེད་རིག་པའི་རྡོ་རྗེས་མཛད་པའི་ཆེན་པོ་ཧོར་གྱི་ཡུལ་དུ་དམ་ཆོས་བྱུང་ཚུལ་བཤད་པ་རྒྱལ་བསྟན་གསལ་བྱེད་སྒྲོན་མེ།
8)       རྗེ་བཙུན་བླ་མ་པྲ་ཛྙ་ཨིནྡྲའི་རྣམ་ཐར་ངོ་མཚར་རྨད་བྱུང་དད་པའི་འཇུག་ངོགས།
9)       ༸རྒྱལ་དབང་ལྔ་པ་ཆེན་པོས་མཛད་པའི་དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།
10)     ནོར་བྲང་ཨོ་རྒྱན་གྱིས་བརྩམས་པའི་བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཀྱི་འགྲེལ་པ་ཡིད་ཀྱི་དགའ་སྟོན།
11)     རྒྱལ་མོ་འབྲུག་པས་བརྩམས་པའི་བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ།
12)     ༸རྒྱལ་དབང་ལྔ་པ་ཆེན་པོས་མཛད་པའི་རྒྱལ་བ་ཡོན་ཏན་རྒྱ་མཚོའི་རྣམ་ཐར་ནོར་བུའི་འཕྲེང་བ།
13)     ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོས་མཛད་པའི་རྗེ་བཙུན་བསྟན་འཛིན་བློ་བཟང་རྒྱ་མཚོའི་རྣམ་ཐར།
14)     ཀུན་མཁྱེན་འཇིགས་མེད་དབང་པོས་མཛད་པའིསྐུ་འབུམ་གདན་རབས་མུ་ཏིག་ཕྲེང་བ།
15)     འབྲས་སྤུངས་ཁྲི་ཟུར་བསྟན་པ་བསྟན་འཛིན་གྱིས་མཛད་པའི་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་རིམ་བྱོན་གྱི་ཁྲི་རབས་ཡོངས་འདུའི་ལྗོན་བཟང༌།
16)     པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའི་རང་རྣམ་ཆོས་སྨྲ་བའི་དགེ་སློང་བློ་བཟང་ཆོས་རྒྱན་གྱི་སྤྱོད་ཚུལ་གསལ་བར་སྟོན་པའི་ནོར་བུའི་འོད་སྣང༌།
17)     སུམྦྷ་མཁན་པོ་ཡེ་ཤེས་དཔལ་འབྱོར་གྱིས་མཛད་པའི་སུམྦྷ་ཆོས་འབྱུང༌།
18)     རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོས་མཛད་པའི་ཕྱག་ན་པདྨོ་ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོའི་སྐྱེས་རབས་གསང་གསུམ་སྣང་བའི་སྒྲོན་མེ།
19)     རྗེ་དམུ་དགེ་བསམ་གཏན་རྒྱ་མཚོས་མཛད་པའི་བོད་ཀྱི་ལོ་རྒྱུས་ཀུན་དགའ་མེ་ལོང༌།
20)     ལང་ཇུས་སྡེ་བཞི་སོགས་ཀྱི་དཀར་ཆག་ཕྱོགས་བསྒྲིགས།
21)     རྗེ་གུང་ཐང་བསྟན་པའི་སྒྲོན་མེས་མཛད་པའི་ཀུན་མཁྱེན་འཇམ་དབྱངས་བཞད་པ་འཇིགས་མེད་དབང་པོའི་རྣམ་ཐར།
22)     ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོས་མཛད་པའི་གྲུབ་ཆེན་སྐལ་ལྡན་རྒྱ་མཚོའི་རྣམ་ཐར་ཡིད་བཞིན་དབང་གི་རྒྱལ་བོ།
23)     བེ་རི་དགེ་བཤེས་འཇིགས་མེད་ཀྱིས་བརྩམས་པའི་ཏྲེ་བོ་ཇི་ལྟར་བྱུང་ཚུལ་རགས་ཙམ་བཀོད་པ།
24)     ལམ་བྲག་བསྐལ་བཟང་རྣམ་རྒྱལ་གྱིས་མཛད་པའི་ཧོར་ཁོག་དཔོན་རབས་དང་སྡེ་རབས་ཀྱི་ལོ་རྒྱུས།
25)     ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པའི་༸རྒྱལ་བ་བསྐལ་བཟང་རྒྱ་མཚོའི་རྣམ་ཐར་དཔག་བསམ་རིན་པོ་ཆེའི་སྙེ་མ།
26)     བློ་བཟང་བསྟན་པ་རྒྱ་མཚོས་མཛད་པའི་རྗེ་གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚོའི་རྣམ་ཐར་ཐམས་ཅད་མཁྱེན་པར་བགྲོད་པའི་ཐེམ་སྐས།
27)     དཀོན་མཆོག་འཇིགས་མེད་དབང་པོས་མཛད་པའི་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་རྣམ་ཐར་ཉི་མའི་འོད་ཟེར།
28)     བེ་རི་འཇིགས་མེད་དབང་རྒྱལ་གྱིས་བརྩམས་པའི་བཀྲ་ཤིས་གཡས་སུ་འཁྱིལ་བའི་དུང་སྒྲ།
29)     དར་ཧན་མཁན་པོ་བློ་བཟང་འཕྲིན་ལས་རྣམ་རྒྱལ་གྱིས་མཛད་པའི་ྋརྒྱལ་དབང་ཚུལ་ཁྲིམས་རྒྱ་མཚོའི་རྣམ་ཐར་ངོ་མཚར་ནོར་བུའི་འཕྲེང་བ།
30)     བཻཌཱུརྱ་མེ་ལོང༌དང་།
31)     དགའ་ལྡན་ཆོས་འབྱུང་བཻ་སེར།
32)     ཐུའུ་བཀྭན་གྲུབ་མཐའ།
33)     མདོ་སྨད་ཆོས་འབྱུང་དེབ་ཐེར་རྒྱ་མཚོ།
34)     ཀློང་རྡོལ་གསུང་འབུམ།
35)     རྒྱལ་མཆོག་ལྔ་པས་མཛད་པའི་ཞབས་དྲུང་གསུམ་པའི་རྣམ་ཐར།
36)     ཞབས་དྲུང་ལྔ་པའི་རང་རྣམ།
37)     ཞབས་དྲུང་གཉིས་པའི་གསང་རྣམ།
38)     ཞབས་དྲུང་དྲུག་པའི་རྣམ་ཐར།
39)     ཞབས་དྲུང་དགུ་པའི་གསུང་མགུར།
40)     སྟོང་འཁོར་དགོན་གྱི་བཅའ་ཡིག་དང་གྲྭ་ཚང་གི་ཆོས་འབྱུང་།
41)     དུང་དཀར་ཚིག་མཛོད།
42)     བོད་རྒྱ་ཚིག་མཛོད་ཆེན་མོ།
43)     ཚེ་ཏན་ཞབས་དྲུང་གི་བསྟན་རྩིས་ཀུན་ལས་བཏུས་པ།