27/05/2019

སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་དེབ་ཕྲེང་གཉིས་པ་དང་། གསུམ་པ་པར་བསྐྲུན་དང་འགྲེམས་སྤེལ་ཞུས་པ།

གསུང་འབུམ་དེབ་ཕྲེང་གཉིས་པ་དང་། དེབ་ཕྲེང་གསུམ་པ་གཉིས་པར་བསྐྲུན་ཞུས་པ།



༄༅། །ད་ལན་སྟོང་འཁོར་ཞབས་དྲུང་ཀུན་ཕན་ཚོགས་པས་མཐུན་འགྱུར་འོག སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་གཉིས་པ་དང་། དྲུག་པདགུ་པ་བཅས་ཀྱི་གསུང་རྩོམ་འགའ་ཞིག་ཕྱོགས་གཅིག་ཏུ་བསྡེབས་ཏེ་དེབ་གཟུགས་སུ་བསྐྲུན་པ།
དེབ་དང་པོའི་ནང་སྐུ་ཕྲེང་གཉིས་པ་མཁས་བཙུན་ཡོན་ཏན་རྒྱ་མཚོས་མཛད་པའི་"རྒྱུད་སྡེ་བཞིའི་ལམ་གྱི་གནད་མདོར་བསྡུས་པ་རིག་འཛིན་རོལ་པའི་དགའ་སྟོན་"དང་། "ཟབ་མོ་དབུ་མའི་ལྟ་ཁྲིད་འབྲུག་གི་སྒྲ་དབྱངས།" སྐུ་ཕྲེང་དགུ་པ་ཚུལ་ཁྲིམས་རྒྱ་མཚོས་མཛད་པའི་"སྡོམ་གསུམ་ལྡན་པའི་དགེ་ཚུལ་སློང་གི་ཉིན་ཞག་ཕྲུགས་གཅིག་ལ་ཉམས་ལེན་བྱ་ཚུལ་སྐལ་བཟང་སྐྱེས་བུའི་འཇུག་ངོགས་"བཅས་དང་།

དེབ་གཉིས་པའི་ནང་དུ་སྐུ་ཕྲེང་དྲུག་པ་འཇམ་དཔལ་དགེ་འདུན་རྒྱ་མཚོས་མཛད་པའི་"དོན་བདུན་ཅུའི་མཐའ་དཔྱོད་མི་ཕམ་བླ་མའི་ཞལ་ལུང་བདུད་རྩིའི་གཟེགས་མ་" དང་། སྟོང་འཁོར་གྲྭ་ཚང་གིས་བརྩི་བཞག་ཏུ་གནང་བའི་"རྟགས་རིགས་ཀྱི་རྣམ་གཞག་ལེགས་པར་བཤད་པ་རྒོལ་ངན་ཝ་ཚོགས་འཇོམས་པ་གདོང་ལྔའི་དབང་པོའི་སྒྲ་དབྱངས།" སྟོང་འཁོར་གྲྭ་ཚང་གིས་བརྩི་བཞག་ཏུ་གནང་བའི་"བློ་རིགས་ཀྱི་རྣམ་གཞག་ལུང་རིགས་ཀྱི་བང་མཛོད་མཁས་པ་དགྱེས་པའི་འཛུམ་ཞལ།" "རྭ་སྟོད་བསྡུས་གྲྭའི་དཀའ་གནད་རྣམས་ཕྱོགས་གཅིག་ཏུ་བཀོད་པ་གཞུང་བཟང་སྟོང་གི་སྒོ་འབྱེད་ལེགས་བཤད་གསེར་གྱི་ལྡེ་མིག"བཅས་བཞུགས།
ལེགས་བཤད་འདི་དག་མཛད་དུས་ནི། ཁོང་དགུང་ལོ་ ༡༩ ཕྱི་ལོ་ ༡༥༧༤ བོད་རྒྱལ་ལོ་ ༡༧༠༡ རབ་བྱུང་བཅུ་པའི་ཤིང་ཁྱི་ལོའི་བོད་ཟླ་ ༡༠ ཚེས་ ༨ ཉིན་དབུ་མའི་ལྟ་ཁྲིད་འདི་ཉིད་མཛད་ཚུལ་མཇུག་བྱང་དུ་གསལ་ཞིང་། དགུང་ལོ་ ༢༠ ཕྱི་ལོ་ ༡༥༧༥ བོད་རྒྱལ་ལོ་ ༡༧༠༢ རབ་བྱུང་བཅུ་པའི་ཤིང་ཕག་ལོའི་བོད་ཟླ་ ༤ པའི་ནང་རིག་འཛིན་རོལ་པའི་དགའ་སྟོན་མཛད་པ་ཞིག་ཡིན་ལ། མཛད་ནས་ད་བར་ལོ་ངོ་ ༤༤༥ ཙམ་འགྲོ་ཡོད།
གཞུང་དེ་དག་གི་སྤྱིའི་བརྗོད་བྱ་དང་། ལྷག་པར་རིག་འཛིན་རོལ་པའི་དགའ་སྟོན་ནི། རྗེ་བདག་ཉིད་ཆེན་པོས་མཛད་པའི་སྔགས་རིམ་ཆེན་མོ་སོགས་ཀྱི་དཀའ་གནད་རྣམས་སྡོམ་ཚིག་ཏུ་བཀོད་པ་ཕལ་ཆེར་སྔ་ཤོས་གྲས་ཡིན་པ་དང་། གསང་བདེ་འཇིགས་གསུམ། རྒྱུད་སྡེ་བཞིའི་སྐོར་བཅས་ཧ་ཅང་ཚིག་ཉུང་ལ་དོན་རྒྱ་ཆེར་བསྡུས་ཞིག་ཡིན
སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་གཉིས་པ་མཁས་བཙུན་ཡོན་ཏན་རྒྱ་མཚོ་ནི། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་བསྒྲིགས་པའི་"དབུས་འགྱུར་གྱི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་གི་གདན་རབས་ངོ་མཚར་ནོར་བུའི་ཕྲེང་བ་"སོགས་ལོ་རྒྱུས་ཁག་ཏུ་གསལ་བ་བཞིན། སེ་རའི་ཁྲི་རབས་བཅོ་ལྔ་པ་རྒྱལ་དབང་སྐུ་ཕྲེང་གསུམ་པ་རྗེ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་དང་། ཁྲི་རབས་བཅུ་བདུན་པ་རྒྱལ་དབང་སྐུ་ཕྲེང་བཞི་པ་རྗེ་ཐམས་ཅད་མཁྱེན་པ་ཡོན་ཏན་རྒྱ་མཚོ་གཉིས་བར་གྱི་སེ་ར་ཐེག་ཆེན་གླིང་གི་ཁྲི་རབས་བཅུ་དྲུག་པ་དེ་ཡིན་ཞིང་། དེའི་སྐྱེས་རབས་ཕྲེང་བ་རྣམས་ཀྱང་མདོ་སྟོད་སྨད་གཉིས་ཀར་འཕྲིན་ལས་ཀྱི་འོད་སྣང་ཆེས་ཆེར་གསལ་བའི་སྐྱེས་ཆེན་ཤ་སྟག་བྱུང་བ་ཆོས་འབྱུང་དང་དེབ་ཐེར་རྣམས་སུ་གསལ་བ་ལྟར་ལགས།
སྤྱིར་རྣམ་ཐར་ལོ་རྒྱུས་དང་ཆོས་འབྱུང་སོགས་སུ་གསལ་བར་གཞིགས་ན་སྐུ་ཕྲེང་རིམ་བྱོན་གྱི་གསུང་རྩོམ་ཧ་ཅང་མང་པོ་ཡོད་ཀྱང་དུས་འགྱུར་སྐབས་སུ་བོར་བརླག་ཤོར་འདུག་། ཕྱིས་སུ་གང་སར་འཚོལ་སྒྲུབ་ཞུས་ཏེ་གསུང་རྩོམ་དུམ་བུ་གསུམ་ནས་ཆ་གཅིག་ཙམ་རྙེད་སོན་བྱུང་བ། བསྟོད་ཚོགས་དང་། རྣམ་ཐར། ཆབ་ཤོག ཐོར་བུ། གསུང་མགུར་དང་ཞལ་གདམས། རྒྱུད་སྡེ་སོགས་ཀྱི་ཆོས་སྐོར། འགྲེལ་པ་དང་ཁྲིད་ཡིག བསྒོམ་བཟླས་དང་སྒྲུབ་ཐབས། དབང་སྡོམ་རྗེས་གནང་སྐོར་བཅས་དཔེ་དེབ་བཅུ་གཅིག་ཙམ་ཞིག་མི་འགྱངས་ར་སི་ཁྲོན་བོད་ཀྱི་དཔེ་རྙིང་བསྡུ་སྒྲིག་ཁང་དུ་དཔེ་སྐྲུན་ཞུ་གཏན་འཁེལ་ཡོད་པ་བཅས།

No comments:

Post a Comment