25/09/2016

དགོན་འདིའི་རྒན་རབས་པ་རྣམས་ལ་བཀའ་དྲིན་རྗེས་དྲན་ཞུ།




                ཞབས་དྲུང་དང་པོ་ཟླ་བ་རྒྱལ་མཚན་ནས།།
                ཉེ་བར་བཟུང་བའི་ཞབས་དྲུང་རིམ་བྱོན་གྱིས།།
                རྗེས་སུ་བཟུང་བའི་སྟོང་འཁོར་དགོན་སྡེ་ཆེའི།།
                སྔོན་བྱོན་དམ་པ་རྣམས་ཀྱི་བཀའ་དྲིན་དྲན།།

                              ལོ་རྒྱུས་ནམ་མཁའ་ལྟ་བུའི་ཀློང་ཡངས་ན།།
                              གཅིག་ནས་གཅིག་ཏུ་བརྒྱུད་པའི་རྒན་རབས་རྣམས།།
                              ཕྱི་རབས་རྗེས་འབྲང་རྣམས་ཀྱི་མིག་ལམ་ན།།
                              ཉི་ཟླའི་རྣ་ཆ་མནབས་པའི་རི་དབང་འདྲ།།

               
                 རྒྱལ་བསྟན་སྤྱི་དང་བློ་བཟང་རྒྱལ་བའི་བསྟན།།
                ཚང་ལ་མ་ནོར་བཤད་སྒྲུབ་བྱ་བ་ཡི།།
                འཁོར་ལོ་རྣམ་གསུམ་གནའ་བོའི་ཕྱག་སྲོལ་བཞིན།།
                མན་ངག་གནང་བའི་བཀའ་དྲིན་འགྲན་ཟླ་བྲལ།།

                                  དུས་འགྱུར་འཚུབ་རླུང་རྒོད་པའི་བར་སྣང་ནས།།
                                  ཐབས་ངན་གཡོ་ཇུས་འོག་ཏུ་མ་ཐེབས་པར།།
                                 ཐད་ཀར་ནམ་འཕང་བཅད་པའི་རྒོད་ཕོ་བཞིན།།
                                 སླར་ཡང་དགོན་འདིར་ཕེབས་པའི་བཀའ་དྲིན་ལྕི།།

            ས་རྡོའི་ཕུང་པོར་བསྒྱུར་པའི་དགོན་ཤུལ་ནས།།
            འཚོ་བའི་མཐུན་རྐྱེན་ཞན་པའི་གནས་སྟངས་འོག།
            ཡོད་ཚད་ནུས་པས་བསྟན་དང་འགྲོ་དོན་དུ།།
            དགོན་འདི་བསྐྱར་བཞེངས་གནང་བ་བརྗེད་དུ་མེད།།

                           ཕྱི་ལོ་ཆིག་སྟོང་དགུ་བརྒྱ་གྱ་གཅིག་ལོར།།
                           ཕྱི་དང་ནང་གི་བཀོད་པ་སླར་གསོ་ཞིང་།།
                           རླབས་ཆེན་བསོད་ནམས་ཞིང་སར་ལེགས་བསྐྲུན་མཁན།།
                           རྒན་རབས་བརྒྱ་ཕྲག་བརྒལ་བ་བཀའ་དྲིན་ཆེ།།

            མདོ་སྔགས་གསུང་རབ་གནད་ལ་ཉམས་ལེན་པོ།།
            སྙིང་ལ་རུས་པ་བཅུག་པའི་སྙིང་སྟོབས་ཅན།།
            རང་ཡུལ་ཆོས་སྲིད་དོན་དུ་གཞོལ་བ་ཡི།།
            དགོན་འདིའི་རྒན་རབས་ཡོངས་ལ་བཀའ་དྲིན་ཞུ།།

                               སྐུ་ཚེགས་ངལ་བ་དུ་མ་ལྷུར་བླངས་ནས།།
                               གནའ་བོའི་མཐོང་བ་བརྒྱུད་པའི་ཕྱག་ལེན་རྣམས།།
                               བློ་གསལ་གཞོན་སྐྱེས་ཚོགས་ལ་གནང་མཛད་པའི།།
                               རྒན་རབས་རྣམ་པ་ཡུལ་འདིའི་ཁྱད་ནོར་ཉིད།།

             དེ་ལྟར་གཞལ་དཀའི་བཀའ་དྲིན་ཆེ་ལགས་ན།།
             ཁྱེད་ཅག་ཐུགས་ཀྱི་རེ་བའི་དོན་སླད་དུ།།
             རྒྱུན་འཛིན་བྱེད་པོ་སྤང་ལ་ཤ་མོང་བཞིན།།
             མང་དུ་འཕེལ་ཞིང་བཀའ་དྲིན་གསོ་བར་བྱེད།།

                              གནའ་དེང་མི་རབས་བརྗེ་བའི་དུས་མཚམས་ནས།།
                              ལྷག་བསམ་སྙིང་སྟོབས་ཅན་གྱི་རྒན་རབས་ཚོར།།
                              སྐུ་དྲིན་ཆེའོ་ཞེས་པའི་ཚིག་དུམ་ཞིག།
                              འདུས་མང་ཡོངས་ཀྱི་ཚབ་མཚོན་ཙམ་དུ་བཀོད།།

          དེ་ལྟར་སྔོན་བྱོན་དམ་པ་རིམ་པ་ལས།།
          ལེགས་པར་བརྒྱུད་པའི་མདོ་སྔགས་ཟུང་འབྲེལ་གྱི།།
          དགེ་ལྡན་ལུགས་བཟང་གཙང་མའི་ཅོད་པན་ལ།།
          སྤྱི་བོའི་གཙུག་ཏུ་གཟུར་གནས་སུས་མི་བཀུར།།

                             འདུས་སྡེ་ཆེན་པོ་གསང་ཆེན་རྡོར་གླིང་གི།
                             དགེ་འདུན་འདུས་མང་ཐུགས་མཐུན་ཁྲིམས་གཙང་ཞིང་།།
                             བཤད་སྒྲུབ་དབྱར་མཚོའི་དཔལ་ལ་འགྲན་པ་ལྟར།།
                             ཕུན་ཚོགས་སྡེ་བཞིའི་དཔལ་གཡང་དེང་འདིར་འཕྱུར།།

         མདོར་ན་སྔོན་བྱོན་དམ་པའི་ཐུགས་བསྐྱེད་དང་།།
         སྐལ་ལྡན་ལས་འཕྲོ་ཅན་གྱི་སློབ་བུའི་ཚོགས།།
         པདྨའི་མཚོ་ལ་ངང་ཁྱུ་འཁོར་བ་ལྟར།།
        འཇིག་རྟེན་འདི་རུ་དད་པའི་རྟེན་དུ་བཞད།།

No comments:

Post a Comment