09/08/2016

ལུ་གུ་དགོན་ཆོས་སྡེ་བཀྲ་ཤིས་འཁྱིལ་གྱི་ལོ་རྒྱུས་སྙིང་བསྡུས།

ལུ་གུ་དགོན་འདི་སྟོང་འཁོར་དགོན་གྱི་དགོན་ལག་ཅིག་ཡིན་ཞིང་།  སྟོང་འཁོར་ཟླ་སྟོད་དུ་ཆགས་ཡོད། འདིའི་ཕྱག་འདེབས་པ་པོ་ནི་བོན་པོ་རཏྣའི་མཚན་ཅན་ཞིག་ཡིན་པ་ལོ་རྒྱུས་རྣམས་སུ་གསལ།  ཡིན་ན་ཡང་སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་བཞི་པའི་དུས་ནས་སྟོང་འཁོར་དགོན་གྱི་དགོན་ལག་ཏུ་གྱུར་ཅིང་།  དགོན་གནས་འདིའི་བདག་པོའང་སྟོང་འཁོར་ཞབས་དྲུང་རིམ་བྱོན་ཡིན་པར་མ་ཟད་སྐུ་ཕྲེང་ལྔ་པས་འདིའི་གྲུབ་མཐའ་ཡང་དགེ་ལུགས་སུ་བསྒྱུར་ནས་སྒྲིགས་ཁྲིམས་སྐོར་བཅའ་ཡིག་འཇོག་གནང་མཛད་པ་དང་དབུ་ཆོས་རྣམ་གསུམ་

བསྐོ་བཞག་གནང་བ་སོགས་ཀྱི་རྣམ་ཐར་བསྐྱངས་ས་ཞིག་ཡིན།  མ་ཟད་འདི་ནས་སྟོང་འཁོར་དགོན་དུ་གྲྭ་སར་ཕེབས་པ་དང་།    དབུས་ཕྱོགས་སུ་སེར་སྨད་གྲྭ་ཚང་དུའང་ཕེབས་ནས་རབ་འབྱམས་པའི་མཚན་གནས་བཞེས་མཁན་མང་པོ་ཡོད་པའི་ལོ་རྒྱུས་ཀྱང་ཡོད།    ཕྱིས་སུ་འདི་ནས་འཕགས་ཡུལ་སེ་ར་དགོན་དུ་སློབ་གཉེར་ལ་ཕེབས་པའང་མི་ཉུང་བ་ཞིག་བྱུང་མྱོང་ཞིང་།    ད་ལྟའི་ཆར་འདུ་ཁང་དང་གྲྭ་ཤག་རྣམས་ཉམས་དགའ་བ་ཡོད།  འདིའི་གདུལ་བྱའི་ལྷ་སྡེ་ལ་སྟོད་སྲིབ་རི་གྲོང་གསུམ་ཡོད་པ་ངག་རྒྱུན་དུ་གྲགས་པ་བཅས་ཀྱི་ལོ་རྒྱུས་ཐུང་ཙམ་མོ།

No comments:

Post a Comment