16/07/2018

ཁམས་སྟོང་འཁོར་ཡུལ་གྱི་བསོད་ནམས་ཀྱི་ཞིང་དུ་སྐྲུན་པའི་རྡོ་བརྐོས་རྒྱལ་བའི་བཀའ་འགྱུར།


ཇི་སྐད་དུ།
མཛད་པ་ཀུན་ལས་གསུང་གི་ནི།།
མཛད་པ་མཆོག་ཡིན་དེ་ཡང་ནི།།
དེ་ཉིད་ཡིན་ཕྱིར་མཁས་པ་ཡིས།།
འདི་ལས་སངས་རྒྱས་རྗེས་དྲན་བྱོས།།


ཞེས་གསུངས་པ་ལྟར། སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་རང་ཅག་ཁ་བ་ཅན་པའི་བསོད་ནམས་ཀྱི་ཞིང་མཆོག་དམ་པ་ནི། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་དེའི་དགོངས་འགྲེལ་རྒྱ་བོད་ཀྱི་མཁས་གྲུབ་ལོ་པཎ་དྲིན་པོ་ཆེ་དེ་དག་གི་གསུང་རྒྱུན་དྲི་མ་མེད་པ་དག་ཡིན་ཞིང་།  དེ་དག་འཛིན་འཆང་ཀློག་གསུམ་དང་མཆོད་པར་བྱེད་པས་བསོད་ནམས་དཔག་ཏུ་མེད་པ་འབྱུང་བ་མདོ་རྒྱུད་དུ་མ་ནས་ཡང་ཡང་གསུངས་ལ།  འདིར་གསུང་རྟེན་དུ་ལོ་མང་པོའི་སྔོན་ནས་དཀའ་ཚགས་དུ་མ་དང་དུ་བླངས་ནས་བཞེངས་འགོ་ཚུགས་ཤིང་ལེགས་པར་གྲུབ་རྗེས་ཁམས་སྟོང་འཁོར་ཡུལ་གྱི་རིགས་གསུམ་མགོན་པོའི་གནས་ཀྱི་ཉེ་འདབས་སུ་རྡོ་བརྐོས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་བཀོད་པ་ཕུན་སུམ་ཚོགས་པ་ཞིག་ཕྱག་སྐོར་མཆོད་འབུལ་གྱི་ཚོགས་ཞིང་དུ་གསར་བཞེངས་ལེགས་པར་གྲུབ་མཚམས་

སུ།  ༧གོང་ས་སྐྱབས་མགོན་ཐམས་ཅད་མཁྱེན་པ་ལ་སྙན་ཞུ་ཞུས་པས།  མགོན་པོ་གང་ཉིད་ནས་ཐུགས་བརྩེ་བ་ཆེན་པོས་དེ་འབྲེལ་གྱི་སྨོན་ཚིག་ཀྱང་གནང་བ་ལ་སོགས་པ་གདུལ་བྱའི་བསོད་ནམས་ཀྱི་ཞིང་དུ་བསྐྲུན་པའི་མཐུ་ལ་བརྟེན་ནས་བོད་གངས་ཅན་གྱི་ཡུལ་ཁམས་སྤྱི་དང་། ཁྱད་པར་སྟོང་འཁོར་ཡུལ་དགོན་སྡེ་བདུན་ལ་མི་མཐུན་རྒུད་པའི་མིང་ཙམ་ཡང་མི་འབྱུང་ཞིང་ཆོས་སྲིད་མངའ་ཐང་དར་ཞིང་རྒྱས་པར་འགྱུར་བ་དང་།
ལྷག་པར་དུ་འཛམ་གླིང་ཞི་བདེའི་དེད་དཔོན་གངས་ཅན་བོད་ཀྱི་སྙིང་ནོར། ༧གོང་ས་སྐྱབས་མགོན་ཐམས་ཅད་མཁྱེན་པ་བསྟན་འཛིན་རྒྱ་མཚོ་མཆོག་དང་།  སྟོང་འཁོར་ཞབས་དྲུང་རིན་པོ་ཆེ་བསྟན་འཛིན་ཐུབ་བསྟན་འཇིགས་མེད་དཔལ་བཟང་པོ།  གཞན་ཡང་རིས་སུ་མ་ཆད་པའི་བསྟན་འགྲོའི་ཁུར་ཆེན་ལྷུར་བཞེས་མཛད་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ས་ཕྱོགས་གང་ན་སུ་བཞུགས་པ་རྣམས་ཀྱི་མཛད་འཕྲིན་མཁའ་མཉམ་ཡོངས་ལ་ཁྱབ་ཅིང་ཐུགས་དགོངས་ཟབ་མོ་རྣམས་ཇི་བཞིན་འགྲུབ་པ་དང་། དེ་བཞིན་རིས་མེད་ཆོས་སྡེ་ཆེ་ཆུང་གི་དགེ་འདུན་གྱི་སྡེ་རྣམས་དར་ཞིང་རྒྱས་པའི་སྒོ་ནས་བཤད་པ་དང་སྒྲུབ་པའི་རྒྱལ་མཚན་གྱི་དབུ་འཕང་རབ་ཏུ་མཐོ་བ་སོགས་མདོར་ན་བཀྲ་ཤིས་པའི་དགེ་མཚན་ཕྱོགས་སུ་འབར་ཞིང་ཡུལ་ཁམས་ཀྱི་ལེགས་ཚོགས་རྣམས་ཡར་ངོའི་ཟླ་བ་ལྟར་འཕེལ་བའི་རྒྱུར་འགྱུར་བའི་སྨོན་འདུན་དང་།  གཏོང་ཕོད་ཅན་གྱི་སྦྱིན་བདག་ནས་རྒྱ་སྒོར་ཁྲི་ཚོ་མང་པོ་འགྲོ་གྲོན་གནང་བ་དང་དེ་མིན་འདིའི་ཐད་ཕྱག་ལས་འགན་བཞེས་མཛད་མཁན་ཡོངས་ཀྱི་བསམ་པ་ཆོས་བཞིན་འགྲུབ་པའི་སྨོན་འདུན་བཟང་པོའི་མཚམས་སྦྱོར་དང་བཅས།
སྤྱི་ལོ་ ༢༠༡༨/༧/༡༦ བོད་ཟླ་༦ ཚེས་པ་༤ལ།

No comments:

Post a Comment