05/07/2016

སྟོང་འཁོར་ཆོས་འབྱུང་དབུ་འབྱེད།

བོད་མདོ་ཁམས་སྟོང་འཁོར་དགོན་གྱི་ཆོས་འབྱུང་ལྷའི་རྒྱུད་མང་ཞེས་པ་ཞིག་གསར་དུ་བརྩམས་ནས་ལེགས་གྲུབ་བྱུང་ཡོད།
འདིའི་བརྗོད་བྱའི་སྙིང་དོན་ནི། སྟོང་འཁོར་དགོན་གྱི་མགོན་སྐྱབས་དམ་པ་སྟོང་འཁོར་ཞབས་དྲུང་སྐུ་ཕྲེང་རིམ་བྱོན་དང་། མཁན་རབས་རིམ་བྱོན། མདོ་སྔགས་ཀྱི་བྱེད་སྒོ་ཁག ཁྱད་དུ་འཕགས་པའི་རྟེན་རྙིང་དང་གནའ་རྫས། དགོན་འདིའི་ཕྱི་ནང་གི་བཀོད་པ་དང་། དེ་བཞིན་མ་དགོན་འདིའི་བུ་དགོན་དུ་གྲགས་པའི་དགོན་ལག་བཞི་སྟེ། ལུ་གུ་དགོན་ཆོས་སྡེ་བཀྲ་ཤིས་འཁྱིལ་དང་། སྙི་ཐང་བཀྲ་ཤིས་དར་རྒྱས་གླིང་། གཞི་ཆེན་མཁར་དམར་གསང་སྔགས་བསྟན་རྒྱས་གླིང་། འབོས་ཆེན་བཀྲ་ཤིས་ཆོས་གླིང་བཅས་ཀྱི་བྱུང་རབས་སྙིང་བསྡུས། གཞན་ཡང་ཡོངས་གྲགས་སྟོང་འཁོར་ཡུལ་དགོན་སྡེ་བདུན་དང་སྟོང་འཁོར་གནས་རིའི་ལོ་རྒྱུས་སོགས་ཕྱོགས་གཅིག་ཏུ་བསྡུས་པ་ཞིག་ཡིན།
ཆོས་འབྱུང་དབུ་འབྱེད་གནང་བཞིན་པ།



སྔར་ཞབས་དྲུང་རིམ་བྱོན་གྱི་རྣམ་ཐར་རྒྱས་པ་དང་དེ་བཞིན་ཆོས་འབྱུང་ཡང་ཐུང་ངུ་ཞིག་ལས་འདི་ལྟ་བུའི་ཕྱོགས་གཅིག་ཏུ་བསྡུས་པ་ཞིག་མེད་སྟབས། སྟོང་འཁོར་དགོན་གྱི་དགེ་སློང་ཚུལ་ཁྲིམས་བཟང་པོས་དཔྱད་གཞི་ཁུངས་ལྡན་རྣམས་གཞི་མར་བཞག་ཅིང་། ཡིད་རྟོན་འཕེར་ངེས་ཀྱི་རྒན་རབས་པའི་ངག་རྒྱུན་ལས་བྱུང་བ་དག་གིས་བརྒྱན་ཏེ་ཆོས་འབྱུང་འདི་གསར་དུ་བརྩམས་ནས་ལེགས་གྲུབ་བྱུང་ཡོད་པ་དང་། ད་ལན་༸འཛམ་གླིང་ཞི་བདེའི་དེད་དཔོན་༸གོང་ས་ཐམས་ཅད་མཁྱེན་པ་དགུང་གྲངས་གྱ་གཅིག་ལ་ཕེབས་པའི་འཁྲུངས་སྐར་དུས་ཆེན་གྱི་དུས་སྐབས་དང་བསྟུན་ཏེ་སྟོང་འཁོར་ཞབས་དྲུང་རིན་པོ་ཆེ་བསྟན་འཛིན་ཐུབ་བསྟན་འཇིགས་མེད་དཔལ་བཟང་པོས་དེབ་འདི་དབུ་འབྱེད་གནང་ཡོད་ཅིང་།
མི་འགྱང་བར་སྟོང་སྐོར་ནང་གཏེར་དཔེ་མཛོད་དུ་འཕྲུལ་དེབ་E-book, PDF བཅས་ཀྱང་བསྒྲིག་རྒྱུ་ཡིན།
སྔོན་བྱོན་དམ་པའི་རྣམ་ཐར་རྗེས་འཇུག་གདུལ་བྱས་ཉམས་ལེན་དུ་ཁྱེར་བར་སྐྱེས་ཆེན་དམ་པ་རྣམས་ཀྱི་རྣམ་ཐར་མཇལ་བ་གལ་ཆེ་ཞིང་། འདི་དག་མཇལ་བས་ཐར་པའི་ས་བོན་བསྐྲུན་པ་དང་། མ་ཟད་༸གོང་ས་ཐམས་ཅད་མཁྱེན་པ་དགུང་གྲངས་གྱ་གཅིག་ལ་ཕེབས་པའི་འཚམས་འདྲི་དང་། མཐར་དོན་མགོན་པོ་གང་ཉིད་སྐུ་ཚེ་མཛད་འཕྲིན་ནམ་མཁའི་མཐའ་དང་མཉམ་ཞིང་དགོངས་བཞེད་རྣམས་གེགས་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་དང་བཅས།

བོད་རབ་བྱུང་བཅུ་བདུན་པའི་མེ་སྤྲེལ་ཕྱི་ལོ་ ༢༠༡༦  ཟླ་ ༧  ཚེས་ ༦ འཁྲུངས་སྐར་ཉིན།

པར་དེ་ལས་མང་བ་གཟིགས་འདོད་ན་འདིར་ཕེབས།

No comments:

Post a Comment